༢༠༡༢ ཟླ་ ༤ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མིན་ནི་སོ་ཊར་མངའ་སྡེའི་རོ་ཆེ་སི་ཊར་ (Rochester) མེ་ཡོ་སྨན་ཁང་ (Mayo Clinic) དུ་༸ཞབས་སོར་འཁོད་སྐབས་ཁུལ་དེའི་བོད་མི་དང་ས་གནས་འཐུས་མི་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེའི་མེ་ཡོ་ (Mayo Clinic) སྨན་ཁང་དུ་རྒྱུན་ལྡན་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་མཛད་བཞིན་ཡོད་པ་ལྟར། ཐེངས་འདིར་ཡང་ས་གནས་དེའི་འབྲེལ་ཡོད་སྨན་པས་མགོན་པོ་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ལ་བརྟག་དཔྱད་ཞུས་ཡོད། དེ་ནས་༸གོང་ས་མཆོག་གིས་སྨན་ཁང་དེའི་འགོ་ཁྲིད་དང་ཆེད་ལས་སྨན་པ་སོགས་ལ་ནང་ཆོས་ནས་གསུངས་པའི་བྱམས་སྙིང་རྗེ་དང་དྲན་ཤེས་བརྒྱུད་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐོག་བཀའ་སློབ་སྩལ་ཡོད།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཁུལ་དེར་གོ་སྒྲིག་ཞུས་པའི་དྲན་པ་ཉེར་བཞག་གི་བགྲོ་གླེང་ལྷན་ཚོགས་སུ་དབུ་བཞུགས་མཛད་དེ་བཀའ་སློབ་སྩལ་དོན། ལས་དོན་གང་ཞིག་ཡིན་ཡང་དམིགས་ཡུལ་བཟུང་བའི་ཐོག་ནས་བྱེད་དགོས། གཞན་གྱི་སྡུག་བསྔལ་ལ་བསམ་གཞིགས་དང་ཕན་རོགས་བྱེད་མཁན་ནང་པ་མ་ཡིན་པ་དཔེར་ན། ཡི་ཤུ་ཆོས་བྱེད་མཁན་བྱམས་བརྩེའི་བདག་ཉིད་ཅན་ (mother teresa)ཨ་མ་ཊེ་རི་སི་ལགས་ཀྱིས་དབུལ་ཕོངས་དང་ཉམ་ཐག་ལ་རོགས་མགོན་གནང་སྟངས་དེ་དག་ནི་ཧ་ལས་པའི་བྱ་བ་ཞིག་རེད། གཞན་ཡང་སངས་རྒྱས་ཀྱིས་མིག་འདོན་གནང་བའི་མཛད་བཟང་དེ་དག་ལ་ང་ཚོས་ངེས་པར་དུ་ཉམས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན།
རྒྱ་ནག་གཞུང་གི་རྩིང་སྤྱོད་ལ་བསྙེན་པོ་བསྟེན་པས་རང་ཉིད་ལ་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཏེ་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས། །