༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་ས་གནས་ཁག་ནང་གནས་སྡོད་བྱེད་མཁན་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རང་རང་གནས་ཡུལ་ས་གནས་སུ་བོད་མི་ཚོས་རྒྱ་ནག་དམར་པོའི་དབང་སྒྱུར་ལ་ཞི་བའི་སྒེར་ལངས་བྱས་ནས་ད་བར་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་ཉིན་མོ་དེར་དྲན་གསོའི་ཆེད་འདུ་འཛོམས་ཀྱིས་ལས་འགུལ་སྣ་ཚོགས་སྤེལ་ཡོད།
དེ་ཡང་རྒྱལ་ས་ཀེན་བྷེ་ར་ནང་ཡོད་པའི་ས་གནས་བོད་རིགས་ཚོགས་པ་ནས་གྲོང་ཁྱེར་དེའི་མི་འཛོམས་ཆེ་སའི་ཁྲོམ་གཞུང་ Garema Place ཞེས་པར་གསུམ་བཅུའི་དུས་དྲན་ཐེངས་ ༥༣ དྲན་གསོ་གནང་བའི་མཛད་སྒོ་ཚུགས་ཡོད་པར་ཨོ་སི་ཊོ་ལི་ཡའི་བོད་མིའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དབུས་ས་གནས་བོད་མི་རྣམས་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་རིགས་མཁས་དབང་ Liu Song Fa ལིའུ་སུང་ཕ་དང་། ཀེནབྷེ་ར་མངའ་སྡེའི་གྲོས་ཚོགས་ཀྱི་ལྗང་གུ་ཚོགས་པའི་འཐུས་མི། བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་སོགས་མི་གྲངས་༧༠ བརྒལ་བ་མཉམ་ཞུགས་གནང་ཡོད་། འདུ་འཛོམས་ཀྱི་ལས་འགུལ་ནང་བོད་དོན་ལ་རྒྱབ་སྐྱོར་གྱིས་བརྗོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་དང་རང་ལུས་མེ་སྲེག་གནང་མཁན་དཔའ་བོ་དཔའ་མོ་ཚོའི་འདྲ་པར་འགྲེམས་སྟོན་བྱས་ཡོད། སྐུ་ཚབ་དོན་གཅོད་ནས་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་རྗེས་ལྗང་གུ་ཚོགས་པའི་འཐུས་མི་དང་རྒྱ་རིགས་གྲོགས་པོ་སོགས་ནས་བོད་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད། དེ་རྗེས་ལས་འགུལ་བ་རྣམས་ཁྲོམ་གཞུང་ནས་ཀེན་བྷེ་རའི་རྒྱ་ནག་གཞུང་ཚབ་ཁང་བར་ཞི་བའི་གོམ་འགྲོད་གནང་ཡོད།
ཡང་སི་ཌི་ནི་ཁུལ་དུ་ས་གནས་བོད་རིགས་མཐུན་ཚོགས་དང་། Newcastle ནིའུ་ཁསི་ཊལ་བོད་རིགས་མཐུན་ཚོགས། ས་གནས་བུད་མེད་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ། སློབ་ཕྲུག་བོད་རང་དབང་ཚོགས་པ། ATC ཨོ་སི་ཊོ་ལི་ཡ་བོད་དོན་ཚོགས་པ་བཅས་ནས་གོ་སྒྲིག་འོག ཕྱི་ཚེས་ ༡༠ ཉིན་སི་ཌི་ནིར་མི་མང་འཛོམས་ཆེ་སའི་ཁྲོམ་གཞུང་ Martin Place ཁུལ་དུ་འདུ་འཛོམས་ཀྱི་ལས་འགུལ་སྤེལ་ཏེ་བོད་མིའི་སྒེར་ལངས་ཉིན་མོ་སྲུང་བརྩེ་ཞུས་ཡོད། ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་བོད་མཛའ་འབྲེལ་མཐུན་ཚོགས། རྒྱ་ནག་མང་གཙོ་ཚོགས་པ་སོགས་ཀྱི་ཚོགས་མི་གྲངས་ ༢༠༠ བརྒལ་བ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོས་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ལྗང་གུ་ཚོགས་པའི་འཐུས་མི་ཞིག་ནས་འདུ་འཛོམས་ཐོག་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཤུགས་ཆེ་གནང་བ་མ་ཟད། ཨོ་སི་ཊོ་ལི་ཡ་གཞུང་དང་རྒྱལ་སྤྱིའི་ནང་བོད་དོན་ལ་དོ་སྣང་གནང་དགོས་པའི་འབུལ་འགུལ་གནང་ཡོད། སི་ཌི་ནིའི་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་Meilleech ནས་ཕྱི་སྡོད་རྒྱ་རིགས་ནས་བོད་ནང་བྱུང་བཞིན་པའི་གནད་དོན་ལ་དོ་སྣང་ཤུགས་ཆེ་བྱེད་ཀྱི་ཡོད་ལ། བོད་མི་རྣམས་ནས་རང་གི་ཞི་རྩའི་ཐོབ་ཐང་དང་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་ལ་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ཡོད། ཉིན་དེའི་ཕྱི་དྲོ་ཚོུད་ ༣ པའི་ཐོག་སི་ཌི་ནིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལས་འགུལ་སྤེལ་ཡོད། རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཁག་གཅིག་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ Pan Qing ཕན་ཆིན་དང་ Kong Tian Le ཁུང་ཐེན་ལི་རྣམ་གཉིས་ནས་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གི་བོད་ས་བཙན་བཟུང་བྱས་རྗེས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་གཏོང་གི་ཡོད་ནའང། བོད་མི་རྣམས་ནས་ལོ་ངོ་སྟོང་ཕྲག་ཡོད་པའི་རིག་གཞུང་སྲུང་སྐྱོབ་ཆེད་མུ་མཐུད་འཐབ་རྩོད་གནང་དང་གནང་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་དངོས་ཡོད་གནས་ཚུལ་སྦ་གསང་གིས་བོད་མི་དང་བོད་མིའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ལ་རང་སྣང་གང་ཤར་གྱི་དམའ་འབེབས་གཏོང་རྒྱུའི་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བཞིན་པ་དང་། དེར་བརྟེན་རྒྱལ་སྤྱིའི་འཁྲོད་ནས་བོད་ཀྱི་གནད་དོན་ཐད་འགྲོ་བ་མིའི་ཐོབ་ཐང་གཙོ་བོར་འཛིན་དགོས་པ་ལས་དཔལ་འབྱོར་གྱི་བསླུ་བྲིད་མི་ཡོང་བ་བཀག་འགོག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཡང་ཉིན་དེར་མེལ་བྷོན་ཁུལ་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་དང་རྒྱ་ནག་མང་གཙོ་ཚོགས་པ། ཨོ་སི་ཊོ་ལི་ཡ་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཚོགས་པ། ཨོ་སི་ཊོ་ལི་ཡ་ཆོས་ལུགས་རང་དབང་དད་མོས་ཚོགས་པ་སོགས་ཀྱི་རྒྱ་རིགས་ཚོགས་མི། ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་སྐུ་ཞབས་ཐོབ་སོན་མཆོག་དེ་བཞིན་མེལ་བྷོན་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་མི་བཅས་ལས་འགུལ་ནང་མཉམ་ཞུགས་ཀྱིས་གཞུང་ཚབ་ཁང་གི་མདུན་དུ་ཞི་རྒོལ་གནང་ཡོད་འདུག
རྒྱ་རིགས་ཚོས་འདུ་འཛོམས་ལས་འགུལ་ནང་གསུང་བཤད་གནང་སྐབས་རྒྱ་ནག་གཞུང་གི་བཙན་གནོན་འོག་སྡུག་བསྔལ་དང་མནར་གཅོད་མྱོང་མཁན་བོད་ནང་གི་བོད་རིགས་སྤུན་ཟླ་ཚོ་མ་ཡིན་པར། རྒྱ་མི་རིགས་ཀྱིས་སྡུག་བསྔལ་གཅིག་མཚུངས་མྱོང་གི་ཡོད་པ་དང་། དེར་བརྟེན་ང་ཚོས་འཛམ་གླིང་མི་མང་ལ་བོད་རིགས་དང་རྒྱ་རིགས་མི་མང་རྣམས་ཀྱི་དཀའ་སྡུག་གསལ་སྟོན་བྱེད་དགོས་ཞེས་གསུངས་ཡོད།
ཡང་ཨོ་སི་ཌོ་ལི་ཡའི་གྲོང་འཁྱེར་ Brisbane སྦེར་སེ་སྦན་དང་ Perth པ་ཐ། Adelaide ཨ་ཐ་ལེས་ཐ་བཅས་ས་ཁུལ་ཁག་ནང་གོང་མཚུངས་གསུམ་བཅུའི་དུས་དྲན་ཐེངས་ ༥༣ པ་སྲུང་བརྩི་ཞུས་ཡོད་པ་དང་། གོང་ཞུས་ལས་འགུལ་ཁག་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བསྙན་འཕྲིན་དང་རླུང་འཕྲིན། གསར་ཤོག་ཁག་ནང་སྤེལ་ཡོད་པ་བཅས། །
ཨོ་སི་ཊོ་ལི་ཡའི་ས་ཁུལ་གང་སར་གསུམ་བཅུའི་དུས་དྲན་ཐེངས་ ༥༣ སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།