༢༠༡༢ ཟླ་ ༣ ཚེས་ ༢༦ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༢ བར་ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་མི་ཚེའི་དོན་སྙིང་ཇི་ལྟར་བྱས་ཏེ་ངེས་ཤེས་དགོས་སམ་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་མི་རིགས་ཀྱི་མེས་པོའི་རིག་གཞུང་རུའུ་ལུགས་ཀྱི་ལྟ་གྲུབ་དང་། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དབར་བགྲོ་གླེང་གནང་ཡོད། དེ་ཡང་ཐོག་མར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་དྲི་བའི་ཚུལ་གྱིས་རྒྱ་མི་རིགས་ཀྱི་རུའུ་ལུགས་རིག་པའི་མཚན་ཉིད་དང་སྙིང་དོན་གང་ཡིན་དྲི་བ་བཏང་བར་ཐེ་ཝན་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེན་མོ་སྐུ་ཞབས་ཝུ་གྲན་ལེང་ལགས་ཀྱིས་ལན་འདེབས་གནང་དོན། རུའུ་ལུགས་རིག་པའི་སྙིང་དོན་ནི་སྐྱེ་འགྲོ་ཐམས་ཅད་བདེ་བར་འགོད་རྒྱུའི་དམིགས་ཡུལ་བཟུང་བ་ཡིན་སྐོར་ཁོང་གིས་དཔེ་མཚོན་དང་འབྲེལ་ནས་ལན་འདེབས་གནང་ཡོད། དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་སྙིང་བསྡུས་ངོ་སྤྲོད་གནང་བ་དང་སྦྲགས། ཁོང་གིས་གསུང་དོན། རྒྱུན་དུ་འཛིན་ཁང་ནང་བོད་ཀྱི་ནང་ཆོས་ངོ་སྤྲོད་བྱས་པ་དང་ཆབས་ཅིག་རྒྱ་ནག་གི་རུའུ་ལུགས་ཀྱི་ནང་དོན་ཐད་སློབ་ཕྲུག་དང་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡོད། སློབ་མ་ཚོས་རུའུ་ལུགས་ཀྱི་ནང་དོན་མང་པོ་ངག་ནས་སྐྱོར་ཐུབ་པ་ཙམ་ལས། ནང་དོན་འགྲེལ་བཤད་བྱེད་ཐུབ་ཀྱི་མི་འདུག དེར་བརྟེན་ཨུ་ཚུགས་ཀྱིས་ནང་དོན་གང་ཡིན་འགྲེལ་བཤད་བྱེད་བཅུག་སྟེ་དོན་ངོ་མ་ཤེས་རྟོགས་ཐུབ་པ་བྱེད་བཅུག་གི་ཡོད། དེ་རིང་ཡང་དྲི་བའི་ཐོག་ནས་ཕན་ཚུན་བགྲོ་གླེང་བྱས་པ་བརྒྱུད་ནང་དོན་གསལ་དཀྲོལ་བྱ་རྒྱུ་གལ་ཆེར་མཐོང་གི་འདུག་ཅེས་གསུངས། ཡང་དགེ་བཤེས་འཇམ་དཔལ་ལགས་ཀྱིས་རྒྱ་མི་རིགས་ཀྱི་རུའུ་ལུགས་ལྟ་གྲུབ་འཛིན་ནས་སེམས་ཅན་སྐྱེ་འགྲོ་ཀུན་ལ་ཐུགས་ཁུར་བྱེད་ཀྱི་ཡོད། འོན་ཀྱང་བོད་མིའི་ཐོག་དེ་ལྟར་གུ་ཡངས་མི་བྱེད་པའི་རྒྱུ་མཚན་སྐད་ཆ་འདྲི་སྐབས། བགྲོ་གླེང་ཉན་མཁན་ཁོངས་ནས་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཏེ་མིག་ནས་མཆི་མ་ཤོར་བ་དང་། དགེ་རྒན་ཆེན་མོ་ཝུ་ལགས་ཀྱིས་ལན་འདེབས་གནང་དོན། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་མི་ཉུང་བ་ཞིག་བྱས་ཡོད་ཀྱང་། དེ་ནི་སེམས་གཏིང་གི་རོགས་རམ་ཞིག་མ་རེད། དེ་ནི་མ་ཁེ་སི་རིང་ལུགས་ཀྱི་ལྟ་གྲུབ་ལས་བྱུང་བ་ཞིག་རེད་ཅེས་སོགས་འགྲེལ་བརྗོད་གནང་། དུས་ཡུན་ཆུ་ཚོད་གཉིས་རིང་ཕན་ཚུན་བགྲོ་གླེང་ལྷུག་པོ་གནང་འདུག ཐེངས་འདིའི་བགྲོ་གླེང་དེ་ལྟ་བུ་ཐེ་ཝན་ནང་ཧ་ཅང་ཉུང་ཉུང་ཡིན་འདུག་པ་བཅས།
རྒྱ་མི་རིགས་ཀྱི་རུའུ་ལུགས་རིག་པ་དང་བོད་བརྒྱུད་ནང་བསྟན་དབར་བགྲོ་གླེང་གནང་བ།
གསར་གནས།
འབྲེལ་གནས།