༢༠༡༢ ཟླ་ ༣ ཚེས་ ༩ རེས་གཟའ་པ་སངས།
༄༅། །ཇི་ནི་ཝར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༡༩ པའི་ཐོག་མཉམ་ཞུགས་གནང་མཁན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ལེ་མ་ཨེན་ཌི་རི་ཀིན་(Laima Andrikein) ལགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༢ ནས་བཟུང་བོད་མི་སེར་སྐྱ་ཕོ་མོ་ ༢༦ གིས་ཆོས་དད་རང་དབང་གི་གཙོས་བོད་མིའི་གཞི་རྩའི་ཐོབ་ཐང་དང་བོད་མི་ཚོར་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་གསུངས་ཡོད། དེ་བཞིན་ལྕམ་སྐུ་ལེ་མ་ལགས་ཀྱིས་ཉེ་ཆར་རང་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གསུམ་བྱུང་ཡོད་པ་དེ་གསལ་འདོན་གནང་ཡོད་པ་རྣམས་ནི་རྔ་པ་རྫོང་དུ་ཕྱི་ཟླ་ ༣ ཚེས་ ༥ ཉིན་རང་ལོ་ ༡༨ སོན་པའི་བུ་རྡོ་རྗེ་ལགས་དང། ཕྱི་ཟླ་ ༣ ཚེས་ ༣ ཉིན་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སློབ་གྲྭའི་སློབ་མ་ཚེ་རིང་སྐྱིད་ལགས། དེ་བཞིན་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་གཏན་སྡོད་བྱས་ནས་ཡོད་པའི་ཀིརྟི་དགོན་པར་དམིགས་བསལ་ལྟ་སྲུང་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཕྲུ་གུ་བཞི་ཡོད་པའི་བུད་མེད་རིན་ཆེན་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། དེ་ཡང་ལྕ་སྐུ་ལེ་མ་ལགས་ཀྱིས་གསུང་དོན། ང་ཚོས་ད་ལྟའི་བོད་ནང་བོད་མི་རྣམས་ཀྱི་གཞི་རྩའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་མཚོན་སླད་གླེང་གློང་བྱེད་བཞིན་ཡོད། རྒྱ་གཞུང་ནས་བོད་མི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འཕྲལ་དུ་གློད་བཀྲོལ་གཏོང་དགོས། ཆོས་དད་རང་དབང་དང་གཞི་རྩའི་ཐོབ་ཐང་ཆེད་ཁྲིམས་མཐུན་འཐབ་རྩོད་བྱེད་མཁན་བོད་མི་ཚོར་སྡུག་སྦྱོང་གཏོང་རྒྱུ་ནི་འགྲོ་བ་མིའི་ཁྲིམས་དང་འགལ་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་(Universal Declaration of Human Rights)ལའང་རྩིས་མེད་བཏང་བ་གསལ་པོ་རེད། ཅེས་གསུངས་ཡོད། ཕྱོགས་མཚུངས་ལྕམ་སྐུ་ལེ་མ་ལགས་ཀྱིས་མུ་མཐུད་གསུང་དོན། ཕྱི་ལོ་ ༢༠༠༨ ལོར་ཞི་རྒོལ་བྱུང་སའི་བོད་ཀྱི་ས་ཁུལ་ཁག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་དྲུག་ཆེད་གཏོང་གནང་བ་དེ་དག་ཁུལ་དེར་འགྲོ་བསྐྱོད་བྱེད་རྒྱུར་རྒྱ་གཞུང་གིས་བཀག་འགོག་བྱས་པ་དེ་ནི་ཡིད་སྐྱོ་དགོས་པ་དང་ངོས་ལེན་བྱེད་མ་འོས་པ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་དམིགས་བསལ་སྐུ་ཚབ་དེ་དག་བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བསྐྱོད་ཐུབ་པ་གནང་རྒྱུ་དང་ཆབས་ཅིག ཕྱི་ལོ་ ༢༠༠༤ ལོར་རྒྱ་གཞུང་གིས་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ལ་མགྲོན་འབོད་གནང་ཡོད་པ་ལྟར་ཁོང་ཡང་བོད་ནང་གཏོང་ཐབས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེ་མཐོའི་ལྷན་ཁང་གི་ཚོགས་གཙོ་ལྕམ་སྐུ་ནཱ་ཝ་ནེ་ཐམ་པི་ལེ་(Hon.Navanethem Pillay)མཆོག་ལའང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གྲོས་འཆར་ཡོད་ངེས་རེད་ལ། ང་ཚོས་ཁོ་མོས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་ཆེད་སྐད་ཆ་ཤོད་རྒྱུའི་རེ་བ་བྱེད་བཞིན་ཡོད། ཅེས་བརྗོད་གནང་ཡོད་པ་བཅས།།
ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ལེ་ཝ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་གླེང་སློང་གནང་བ།
གསར་གནས།
འབྲེལ་གནས།