༢༠༡༢ ཟླ་ ༣ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ ཉིན་ཏེ་བོད་ལུགས་ཀྱི་ཆོ་འཕྲུལ་དུས་ཆེན་ཉིན། མདོ་སྨད་གཅན་ཚ་རྫོང་ནང་ཁོག་ཞང་ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་པ་ཚོས་སྨོན་ལམ་གྱི་མཆོད་གཏོར་སྟེང་མར་རྒྱན་གྱིས་བོད་ཀྱི་རྒྱལ་དར་དང་། ༉༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་བརྙན་བཞེངས་ཏེ་སྨོན་ལམ་གསུངས་འདུག
དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ལ་མོ་བདེ་ཆེན་དགོན་པའི་དགེ་འདུན་པ་ ༧༠ ནས་ ༨༠ ཙམ་གྱིས་དགོན་པའི་ཉེ་འཁྲིས་ཀྱི་རི་སྒང་དུ་བསང་གསོལ་ཆེན་པོ་ཞིག་གནང་སྟེ། མི་ལོ་ང་གསུམ་གོང་གི་ཉིན་མོ་འདིར་བོད་མིས་རང་དབང་སྒེར་ལངས་ལ་རྒྱ་དམག་གིས་དྲག་གནོན་བྱས་པར་དྲན་གསོའི་ཆེད་ཤོག་སྦག་སྤར་ཞིང་། བྱང་ཆུབ་སེམས་མཆོག་སྐྱོར་བཞིན་རྫོང་ཐོག་ཏུ་ཁ་ཕྱོགས་ཏེ་བསྐྱོད་འདུག
དགེ་འདུན་པ་རྣམས་ཀྱི་སྐད་ཤུགས་རིམ་བཞིན་ཇེ་མཐོར་སོང་སྟེ་བོད་ལ་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་དགོན་པ་དང་སྤྱི་ལེ་ ༡ དང་ཕྱེད་ཙམ་གྱི་སར་ཡོད་པའི་མ་ཎི་རྡོ་ལུང་གྲོང་ཚོར་འབྱོར་སྐབས། གྲོང་སྡེའི་མི་མང་སླེབས་ཏེ་དགེ་འདུན་པ་རྣམས་རྫོང་ཐོག་ཏུ་མི་ཕེབས་རྒྱུར་བཀག་འགོག་བྱས་ཡོད་ཅིང་། བུད་མེད་དང་བྱིས་པ་ཚོས་ངུ་འབོད་བྱེད་བཞིན་ཞུ་བ་འཐེན་ཏེ་དགེ་འདུན་པ་རྣམས་ཀྱི་མདུན་བཀག་ཡོད་འདུག
ཕྱི་དྲོ་ཆུ་ཚོད་ ༢ པ་ཡོལ་ཙམ་ལ་ག་ནས་ཡོང་བ་མི་ཤེས་པའི་དམག་མིའི་རླངས་འཁོར་ ༥ ཙམ་དགོན་གཤམ་གྱི་གཞུང་ལམ་དུ་འབྱོར་ཡོད་ཅིང་། དེའི་རྗེས་ཁ་པར་གྱི་བརྒྱུད་ལམ་བཀག་སྟབས། གནས་ཚུལ་ཅི་བྱུང་དང་གྲྭ་མང་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག
གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། ཕྱི་ཟླ་ ༢ ་ཚེས་ ༨ ཉིན་བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་འོག་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཐད། ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་སྐབས། གཅན་ཚ་རྫོང་གི་རྨ་མགུར་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་དང་ཉེ་འཁོར་གྱི་མང་ཚོགས་དགོན་པར་འཛོམས་ཏེ་སྨོན་ལམ་གསུང་འདོན་གནང་འདུག
“ སྤྱིར་བཏང་རྒྱ་ནག་ཁོངས་ཀྱི་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་ཕྱི་ཟླ་ ༣ ཚེས་ ༡ ནས་རྫོགས་ཡོད་ཀྱང་། རྫོང་འདིའི་འོག་ཏུ་ད་ལོ་དགུན་གནང་གི་དུས་ཡུན་ཉིན་ ༡༥ འཕར་འགྱངས་བྱས་ཏེ། དགེ་རྒན་དང་ལས་བྱེད་རྣམས་ས་གནས་ཆ་བགོས་ཀྱིས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་མཉམ་ཞུགས་བྱེད་དགོས་པའི་བཙན་བཀའ་བཏང་འདུག
གཅན་ཚ་ནི་ཕྱི་ལོ་ ༢༠༠༨ ལོ་ནས་རྒྱ་ལུགས་ཀྱི་ལོ་གསར་སྲུང་བརྩི་མི་བྱེད་པའི་ས་གནས་ཤིག་ཡིན་པ་དང་། སྐབས་དེར་ལས་འགུལ་སྐུལ་སློང་བྱེད་མཁན་གཙོ་བོ་ལ་མོ་བདེ་ཆེན་སོགས་དགོན་སྡེ་ཁག་ཡིན་འདུག” ཅེས་སོགས་བཀོད་འདུག