༢༠༡༢ ཟླ་ ༣ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་ཚོགས་པ་ལྟར་སྤྱི་མོས་དང་མང་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་ཁག་གཅིག་གཤམ་གསལ།
གཞུང་འབྲེལ་གྲོས་ཆོད།
སྔོན་གླེང།
༄༅། །རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་མ་ཐག་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་ལག་བསྟར་གྱིས་གདུག་རྩུབ་མནར་གཅོད་ཚད་མེད་བཏང་བའི་འོག་བོད་མི་གྲངས་འབོར་ཆེས་མང་པོོ་རྐྱེན་འདས་སུ་གྱུར་ཡོད་པ་དང། ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་ད་ལྟ་ ༢༠༡༢ ལོ་བར་གཞིས་ལུས་རྒྱ་ཆེའི་བོད་མི་རྣམས་ཀྱིས་བོད་མིའི་བདེན་དོན་སྤྱི་དང། ཁྱད་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་མི་ཚོར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་གཏོར་གྱི་སྲིད་བྱུས་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་དང་བཅས་འཚེ་མེད་ཞི་བའི་སྒོ་ནས་རྩོད་ལེན་གྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་བར། རྒྱ་གཞུང་གིས་དྲག་གནོན་ཚད་མེད་བཏང་དང་གཏོང་བཞིན་པ་རྣམས་བཟོད་ཐབས་བྲལ་ཞིང། འ་ཆད་འུ་ཐུག་གི་གནས་སུ་གྱར་ཏེ་རང་ལུས་མེར་བསྲེགས་དང། འཚེ་མེད་ཞི་བའི་ལས་འགུལ་རིགས་སྔ་རྗེས་རིམ་པར་སྤེལ་དང་སྤེལ་བཞིན་པའི་ཁྲོད་རྩ་ཆེའི་སྐུ་སྲོག་ཤོར་བ་དང་། ད་དུང་དེ་བས་མང་བ་འཛིན་བཟུང་དོ་དམ་འོག་གར་སོང་ཆ་མེད་དང་སྡུག་སྦྱོང་མནར་གཅོད་མི་བཟད་པ་མྱངས་དང་མྱོང་བཞིན་པ་རྣམས་ལ་བཙན་བྱོལ་བོད་མི་རྣམས་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཁོང་ཚོའི་དགོས་འདུན་རྣམས་མངོན་འགྱུར་ཡོང་ཐབས་གཙོ་གྱུར་ཐོག བོད་དོན་ཛ་དྲག་གལ་ཆེའི་ལས་འགུལ་རིགས་དུས་ནས་དུས་སུ་སྤེལ་རྒྱུའི་ཆེད་མི་རྒྱུ་གཉིས་ཕྱོགས་ཀྱི་མཐུན་རྐྱེན་དགོས་གལ་ཆེ་བས། དེ་ལྟའི་ཛ་དྲག་ལས་འགུལ་རིགས་སྤེལ་རྒྱུའི་ཆེད་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཛ་དྲག་མ་དངུལ་ཞིག་ཟུར་འཛུགས་བྱ་གལ་ཆེ་བར་མཐོང།
གྲོས་ཆོད།
བོད་ནང་དཀའ་སྡུག་ཛ་དྲག་གནས་སྟངས་ལས་གྲོལ་ཏེ་བོད་མི་རྣམས་ཀྱི་མངོན་འདོད་རྣམས་འཕྲལ་ནས་མྱུར་དུ་བསྒྲུབ་ཐབས་སུ་གལ་ཆེའི་ལས་འགུལ་རིགས་སྤེལ་རྒྱུར་མི་རྒྱུ་གཉིས་ཕྱོགས་ཀྱི་ཆ་རྐྱེན་དགོས་གལ་ཆེ་བར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཛ་དྲག་མ་དངུལ་ཞིག་ཟུར་འཛུགས་བྱ་གལ་ལ། མ་དངུལ་བསྡུ་ལེན་དང། བེད་སྤྱོད་བྱ་ཕྱོགས་ཀྱི་སྒྲིག་གཞི་ཁ་གསལ་ཞིག་དགོས་པ་སྤྱི་འཐུས་གསུམ་ལས་གྲུབ་པའི་སྒྲིག་གཞི་ཟིན་བྲིས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་འཕྲལ་དུ་བསྐོ་འཛུགས་ཀྱིས་ཚོགས་ཆུང་གི་སྒྲིག་ཟིན་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་ཕུལ་ཏེ་གཏན་འབེབས་ཐུབ་པ་བྱ་རྒྱུའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ལ།།
གཞུང་འབྲེལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་གྲོས་ཆོད
སྔོན་གླེང།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་དྲུག་ཅུ་པའི་ནང་གསེས་ ༢ པར། ས་གནས་ཚོགས་ཆུང་གསར་འཛུགས་དང། ཕྱིར་བསྡུ། ཟླ་སྒྲིལ་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་བྱ་རྒྱུ་ཞེས་གསལ་བ་དང། ད་ལྟའི་ཆར་ས་གནས་མཚོ་པདྨ་དེ་བཞིན་སུན་མཚོ་མན་གསུམ་ཞེས་རང་བདེན་ཚོགས་ཆུང་གཅིག་གི་ཁོངས་ཡོད་ནའང། ད་ཆ་ས་གནས་སུ་བོད་མི་གནས་སྡོད་བྱེད་མཁན་ཇེ་འཕར་དུ་སོང་ཡོད་པ་དང། ས་གནས་རྒྱང་ཁད་དུ་ཡོད་པས་ལས་དོན་ཁག་བྱ་བདེ་ཡོང་བའི་དགོས་དོན་ལ་བརྟེན། ས་གནས་མི་མང་ནས་ཞུ་སྐུལ་སྔ་རྗེས་བྱུང་དོན་བཞིན་ས་གནས་མཚོ་པདྨར་རང་བདེན་ཚོགས་ཆུང་ཞིག་གསར་འཛུགས་སླད་གྲོས་ཆོད་གཅིག་འཇོག་དགོས་གལ་མཐོང།
གྲོས་ཆོད།
གོང་གསལ་རྒྱུ་མཚན་ལ་བརྟེན་མཚོ་པདྨར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡ ནས་གསར་དུ་ཟུར་འཛུགས་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ ལ།།
གཞུང་འབྲེལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་གྲོས་ཆོད
སྔོན་གླེང།
༄༅། །སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་གྲོས་ཆོད་ཨང་ ༢༠༡༡།༡༤།༡༡།༥ དོན་ཚན་ ༢ པ་ནང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་སྙན་ཐོར་འཛིན་སྐྱོང་བཀའ་ཤག་གིས་མཇུག་སྐྱོང་ལག་བསྟར་དང་འབྲེལ་གྲུབ་དོན་སྙན་ཐོ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༣ པར་ངེས་འབུལ་དགོས་ཞེས་གསལ་བ་ལྟར་འཛིན་སྐྱོང་ནས་སྙན་ཐོར་མཇུག་གནོན་ཞུས་པའི་རགས་ཟིན་སྙན་ཐོ་བཟོས་ཟིན་ནའང། རགས་ཟིན་ཐོག་གྲོས་བསྡུར་དང་གཏན་འབེབས་གནང་རྒྱུར་དུས་ཚོད་གང་ཙམ་དགོས་ངེས་བཅས་ལ་བརྟེན་གྲོས་ཚོགས་ཚོགས་དུས་ ༤ པའི་བར་དུས་འགྱངས་ཡོང་བའི་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང།
གྲོས་ཆོད།
གོང་གསལ་རྒྱུ་མཚན་ལ་བརྟེན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༤ པའི་སྙན་ཐོར་འཛིན་སྐྱོང་ནས་མཇུག་གནོན་ཞུས་པའི་གྲུབ་དོན་སྙན་ཐོ་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པར་འབུལ་འཐུས་ཀྱི་ཕར་འགྱངས་ཡོང་བ་ཞུ་རྒྱུའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ པའི་ཚེས་ ༢༡ ལ།
གཞུང་འབྲེལ་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་མང་མོས་ཀྱིས་གཏན་འབེབས་གནང།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཐོག་གཞུང་འབྲེལ་གྲོས་ཆོད་གཏན་འབེབས་གནང་བ་ཁག་གཅིག
གསར་གནས།
འབྲེལ་གནས།