༢༠༡༢ ཟླ་ ༣ ཚེས་ ༢ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ཉིན་བཏང་གནས་ནང་འཁོད་དོན། དེ་ཉིན་སྔ་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འཛིན་ཁང་ནང་བོད་དང་འབྲེལ་བའི་རྒྱ་ཡིག་དེབ་གསར་པ་གསུམ་དབུ་འབྱེད་གནང་འདུག ཐོག་མར་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཁུར་བ་ལྕམ་ལའེ་གཡུས་ཉིང་ལགས་ཀྱིས་དེབ་གསར་པ་གསུམ་དཔར་སྐྲུན་གནང་དགོས་པའི་རྒྱུ་མཚན་དང་བརྒྱུད་རིམ་སོགས་ངོ་སྤྲོད་གནང་ཞིང་། དེ་རྗེས་དེབ་གསུམ་གྱི་ནང་དོན་སྙིང་བསྡུས་ཤིག་ངོ་སྤྲོད་གནང་།
དེབ་དང་པོ་<<ཟུངས་ཁྲག་གི་མཆོད་པ།>>ཞེས་པ་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་རྩོམ་བྲིས་གནང་བ་ཞིག་དང་། ནང་དོན་གཙོ་བོ་ནི་ལོ་རབས་ལྔ་བཅུའི་ནང་བོད་ནང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་ཤིག་ཡིན་པ་མ་ཟད། སྐབས་དེའི་ཁོངས་ཀྱི་མི་སྣ་སྟེས་དབང་གིས་གསོན་པོར་གནས་ཏེ་བཙན་བྱོལ་དུ་འབྱོར་བའི་བོད་མི་རྒན་རབས་བརྒྱ་ཕྲག་སྐོར་ལ་བཅར་དྲི་གནང་བའི་དངོས་བྱུང་ལོ་རྒྱུས་ཤིག་ཡིན། དེབ་འདིར་ལེ་ཚན་བཅུ་དྲུག་དང་། ཟུར་རྒྱན་ཁོངས་ལོ་རྒྱུས་རང་བཞིན་ལྡན་པའི་འདྲ་པར་དང་ས་ཁྲ་སོགས་བར་བཅུག་གིས་ཁྱོན་ཤོག་གྲངས་ ༥༩༠ ཙམ་ཡོད་འདུག
དེབ་གཉིས་པ་<<ཕྱི་རོལ་དུ་གནས་པའི་བོད་།>>ཅེས་པ་ནི་རྒྱ་མི་རིགས་ཀྲུའུ་རུས་ལགས་ཀྱིས་བྲིས་གནང་བ་ཞིག་ཡིན་པ་དང་། ཁོང་ཉིད་རྒྱ་ནག་ཏུ་སྐྱེས་ཤིང་རྒྱ་ནག་ནང་འཚར་ལོངས་བྱུང་རྗེས་མཐའ་མ་ཕྱི་རྒྱལ་དུ་སྐྱབས་བཅོལ་ཞུས་ནས་དེང་སྐབས་ཁེ་ཎ་ཌའི་ནང་འཚོ་གནས་གནང་བཞིན་ཡོད། ཁོང་གིས་བོད་ཕྱི་ནང་གཉིས་སུ་བསྐྱོད་ནས་བོད་མི་དང་མཉམ་དུ་འཚོ་བ་བསྐྱལ་ཞིང་། བོད་མིའི་འཚོ་བ་དངོས་ནང་མཉམ་ཞུགས་གནང་མྱོང་ཡོད་པ་མ་ཟད། རང་གིས་དངོས་མཐོང་གནས་ཚུལ་ཡིག་ཐོག་ལ་ཕབ་ནས་བོད་མིའི་གནས་སྟངས་ངོ་སྤྲོད་གནང་བའི་དེབ་ཅིག་ཡིན་འདུག
དེབ་འདིར་ལེ་ཚན་ཆེ་བ་དགུ་དང་། དེ་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་རྒྱ་མི་རིགས་སོགས་ལ་སྩལ་བའི་གལ་ཆེའི་བཀའ་སློབ་ཁག་བརྒྱད་ཟུར་རྒྱན་དུ་བཀོད་འདུག དེབ་འདིར་ཁྱོན་ཤོག་གྲངས་ ༣༠༠ ཙམ་འདུག
དེབ་གསུམ་པ་ནི་བོད་ནང་གནས་བཞུགས་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་རྩོམ་བྲིས་གནང་བའི་<<རྩོད་གྲུབ་རིག་པའི་རྣམ་གཞག>>ཞེས་པ་སྐོར་ཡིན་ཞིང་། དེབ་འདི་བཞིན་རྩོམ་པ་པོའི་རྩོད་གྲུབ་རིག་པའི་རྣམ་གཞག་སྐོར་གྱི་དེབ་ཕྲེང་བཞི་པ་དེ་ཆགས་ཡོད། དེབ་འདིར་ལེ་ཚན་ཆེ་བ་བཅུ་བདུན་ཡོད་པ་དང་། གངས་ལྗོངས་དཔེ་སྐྲུན་ཁང་ནས་འཚོལ་བསྡུ་གནང་སྟེ་རྩོམ་པ་པོས་དེ་སྔོན་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཕྱག་བྲིས་ཁག་བཞི་དང་། ལྷག་པ་ཕུན་ཚོགས་ལ་བྲིས་པའི་ཡི་གེ ཁོང་གི་གྲོགས་པོར་བྲིས་པའི་རྗེས་དྲན་རྩོམ་ཡིག་བཅས་ཟུར་རྒྱན་དུ་བཀོད་ཡོད་པ་བཅས་ཁྱོན་ཤོག་གྲངས་ ༣༧༤ ཙམ་ཡོད་འདུག
གོང་གསལ་དཔེ་དེབ་ཁག་ཐེ་ཝན་གྱི་དཔེ་ཚོང་ཁང་ཆེ་ཁག་དང་། ཧོང་ཀོང་གི་དཔེ་ཚོང་ཁང་སོགས་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག གཞན་ཡང་གངས་ལྗོངས་དཔེ་སྐྲུན་ཁང་གི་འགྲོ་སོང་བསྲི་ཚགས་ཡོང་ཆེད་དོན་ཁང་གི་ལས་བྱེད་བསོད་ནམས་རྡོ་རྗེ་ལགས་ཀྱིས་ལས་ཞོར་ཐོག་གོང་གསལ་དེབ་ཁག་གཉིས་ཀྱི་པར་གཞི་སྒྲིག་བཀོད་དང་། དེབ་གཅིག་གི་རྒྱབ་ཤ་མཛེས་བཀོད་གནང་འདུག་པས་དབུ་འབྱེད་མཛད་སྒོའི་ཐོག་མི་མང་པོས་སྤུས་དག་བྱུང་བའི་བསྔགས་བརྗོད་གནང་བ་ལྟར། མ་འོངས་པར་བོད་དོན་སྐོར་གྱི་དེབ་གང་མང་འགྲོ་སོང་གང་ཉུང་ཐོག་མུ་མཐུད་དཔར་སྐྲུན་ཞུ་རྒྱུར་ཕན་ཐོགས་ཡོད་ངེས། དེབ་རིགས་ངོ་སྤྲོད་གནང་རྗེས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསར་འགོད་པའི་བཅར་དྲིར་ལན་འདེབས་དང་གསལ་བཤད་གནང་བ་བཅས།།