༢༠༡༢ ཟླ་ ༢ ཚེས་ ༢༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༡ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིར་རྟེན་གཞི་བྱས་པའི་(Western Connecticut State University)གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་(President’s Lecture Series) ཚོགས་གཙོའི་གསུང་བཤད་ཞེས་པའི་གཏམ་བཤད་ཀྱི་ལས་རིམ་ཐོག བཙན་བྱོལ་བོད་མིའི་མང་གཙོའི་གནས་བབ།(Democracy in Exile: the case of Tibet) ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་བཀའ་ཁྲི་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་དོན་བདེན་མཐའ་སེལ་རྒྱུར་ཞི་བའི་ལམ་ལ་བརྟེན་ནས་བསྐྱོད་དགོས་པའི་དགོས་འདུན་ཡང་བཏོན་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་གསུང་དོན། བོད་མི་རྣམས་ཀྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་ལུས་མེར་སྲེག་བཏང་བ་དེ་གྲངས་ཀ་བརྩི་རྒྱུ་ལྟ་བུར་འགྱུར་མི་ཡོང་ངམ་བསམ་པའི་ང་རང་ལ་སེམས་འཚབ་ཡོད། ཁོང་ཚོ་ཡང་ང་དང་ཁྱེད་རྣམ་པ་བཞིན་འགྲོ་བ་མི་ཞིག་རེད། ང་ཚོ་ཇི་བཞིན་ཁོང་ཚོར་ཡང་ཕ་མ་སྤུན་མཆེད་ཡོད། ང་རང་མི་མང་གིས་འོས་འདེམས་བྱས་བའི་བཀའ་ཁྲི་གཅིག་ཡིན་པའི་ཆ་ནས་ངའི་དམིགས་ཡུལ་ནི་རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་སྲིད་བྱུས་མཚམས་འཇོག་བྱས་ནས་ཞི་བའི་སྒོ་ནས་བོད་རྒྱའི་དཀའ་ངལ་སེལ་རྒྱུ་དེ་ཡིན། དེ་ལྟར་བྱུང་ཚེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གཏོང་རྒྱུ་དེ་བཞིན་མཚམས་འཇོག་བྱེད་ཀྱི་རེད། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་དང་། བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཆེད་ཞི་བའི་ཐབས་ལམ་ཞིག་འཚོལ་རྒྱུའི་ཆོད་སེམས་གཏན་པོ་ཡོད། དེ་སྔ་སུ་ཞིག་ནས་བྷར་ལེན་གྱི་གྱང་ཆེན་དང་ཨུ་རུ་སུའི་དམར་ཤོག་དེ་དག་འཐོར་ཞིག་འགྲོ་རྒྱུའི་ཡིད་ཆེས་བྱེད་ཀྱི་མེད་པ་བཞིན་བོད་ལ་ཡང་རང་དབང་ཐོབ་རྒྱུར་ཡང་ཡིད་ཆེས་བྱེད་ཀྱི་མེད། འོན་ཀྱང་དབྱིན་ཇིའི་གཞུང་ནས་མེས་པོ་དམ་པ་གྷན་དྷི་མཆོག་དང་ལྷན་གྲོས་མོལ་བྱས་པར་བརྟེན། རྒྱ་གར་དེ་བཞིན་དབྱིན་ཇིའི་མངའ་འོག་ནས་རང་དབང་ཐོབ་ཡོད། དེ་བཞིན་ང་ཚོས་ཀྱང་བོད་ལ་རང་དབང་ཐོབ་རྒྱུ་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་(James w Schmotter) ལགས་ཀྱིས་གསུང་དོན། ཐེངས་འདིའི་གཏམ་བཤད་ལས་རིམ་ཐོག་མཉམ་ཞུགས་བྱེད་མཁན་ཚོར་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་ངོ་སྤྲོད་བྱུང་ཡོད་པའི་ཡིད་ཆེས་ཡོད་ཅེས་སོགས་གསུངས་ཡོད། བཀའ་ཁྲི་མཆོག་གི་གཏམ་བཤད་ལས་རིམ་ཐོག་ཁྱོན་མི་གྲངས་ ༥༥༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང། འདི་ལོ་གཙུག་ལག་སློབ་གཉེར་ཁང་འདིའི་ནང་བོད་ཀྱི་ལོ་རྒྱུས་ཀྱི་འཛིན་གྲྭ་ཚུགས་རྒྱུ་ཡིན་འདུག་པ་བཅས།།