༢༠༡༡ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་མ་ཌི་ཡ་པར་ཌེ་ཤིའི་མངའ་གཞུང་ནས་མགྲོན་འབོད་ལྟར་མ་ཌི་ཡ་པར་ཌེ་ཤིའི་ (Madhya Pardesh) རྒྱལ་ས་བྷོ་པལ་ནང་ཕེབས་ཏེ་མ་ཌི་ཡ་པར་ཌེ་ཤིའི་མངའ་སྡེའི་སྲིད་སྐྱོང་ (Governor) རཱམ་ན་རེ་ཤི་ཡ་ཌོ་ (Ram Naresh Yadav)མཆོག་དང་མཇལ་འཕྲད་གནང་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༢༠ ཐོག་བཀའ་ཁྲི་མཆོག་གིས་ཐོག་མར་བྷོ་པལ་དུ་རྟེན་གཞི་བྱས་པའི་བོད་མི་སུད་ཚོང་བ་མི་གྲངས་ ༢༠༠ ཙམ་ལ་བླང་དོར་གསུང་བཤད་གནང་ཡོད།
དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༡ ཙམ་ལ་མངའ་སྡེའི་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཀྱིས་སྐར་མ་ ༣༠ ཙམ་བཀའ་མོལ་གྲུབ་བསྟུན།
ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་བྷོ་པལ་དུ་རྟེན་གཞི་བྱས་པའི་མ་ཁན་ལལ་ཅ་ཏུར་ཝེ་ཌི་རྒྱལ་ཡོངས་གཙུག་ལག་སློབ་ཁང་དུ་ (Makhanlal Chaturvedi National University of Journalism and Commnucation Bhopal) གསར་འགྱུར་བརྒྱུད་ལམ་ནང་སྤྱི་ཚོགས་ཀྱི་རྣམ་པ་འདྲ་མིན་མཚོན་ཐབས། ཞེས་པའི་རྒྱལ་སྤྱིའི་ལྷན་ཚོགས་ཤིག་ཏུ་ཕེབས་ཏེ་ལྷན་ཚོགས་ཀྱི་མཇུག་བསྡོམས་གསུང་བཤད་གནང་ཡོད། སྐབས་དེར་གཙུག་ལག་སློབ་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་བྷི་ཀེ་ཀུ་ཐི་ཡ་ལ་(Vice Chancellor Prof.B.K.Kuthiala)མཆོག་གིས་གཙོས་འབྲེལ་ཡོད་མི་སྣ་གལ་ཆེ་ཁག་དུ་མ་ཞིག་གིས་ཕེབས་བསུ་གཟབ་རྒྱས་ཞུས་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། གསར་འགྱུར་བརྒྱུད་ལམ་ཁག་དང་ལྷག་པར་དྲ་རྒྱའི་ (Internet) བརྒྱུད་ནས་དེང་སྐབས་འཛམ་གླིང་ནང་གནས་ཚུལ་གོ་རྟོགས་སྤེལ་རྒྱུའིནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས་དཀྱིལ་ཤར་ཡུལ་གྲུ་དང་རྒྱ་ནག དེ་བཞིན་བོད་ནང་གི་བོད་མི་ཚོའི་དངོས་ཡོད་གནས་ཚུལ་རྣམས་ཕྱིར་མངོན་གསལ་ཐུབ་པ་བྱུང་རྐྱེན། དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ལ་ཧ་ཅང་ཕན་རླབས་བྱུང་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་རྒྱ་སོགས་བརྒྱུད་རྒྱ་རིགས་ཤེས་ཡོན་ཅན་དང་སློབ་ཕྲུག རྩོམ་པ་པོ་སོགས་ལ་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་དང་། ལྷག་པར་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་གོ་རྟོགས་སྤེལ་ཏེ་བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་རྗེས་ལ་ཕན་ཐོགས་ཧ་ཅང་བྱུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་ལས་ཁུངས་ནང་དྲྭ་བརྙན་ཚན་པ་དང་། བདུན་རེའི་གསར་ཤོག་བོད་མིའི་རང་དབང་། ཟླ་རེའི་བོད་ཡིག་དུས་དེབ་ཤེས་བྱ། དབྱིན་བོད་རྒྱ་གསུམ་གྱི་སྐད་ཡིག་དྲ་རྒྱ། དེ་བཞིན་སྐུ་ཚབ་དོན་ཁང་གི་ཨུ་རུ་སུ་དང་རྒྱ་སྐད། ཉི་ཧོང་སྐད། སི་པེ་ནི་ཤིའི་སྐད། དབྱིན་སྐད་སོགས་ཀྱི་ནང་བོད་དོན་དང་འབྲེལ་བའི་གནས་ཚུལ་དྲ་ལམ་བརྒྱུད་ནས་དྲིལ་བསྒྲགས་གནང་བཞིན་ཡོད་སྐོར་དང། གཞན་ཡང་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཨ་རིའིརླུང་འཕྲིན་ཁང་དང། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང། ནོར་ཝེ་རླུང་འཕྲིན་ཁང་བཅས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་ལྷག་པར་བོད་ནང་དུ་གཞིས་ལུས་བོད་མི་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས། རྒྱལ་སྤྱིའི་གནས་ཚུལ། དེ་བཞིན་བོད་མིའི་རང་དབང་འཐབ་རྩོད་བཅས་ཀྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་དང་སྤེལ་མུས་ཡིན་པར་བརྟེན། གཞིས་ལུས་བོད་མི་རྣམས་ཀྱིས་བརྒྱུད་ལམ་དེ་དག་གཟུང་ཟད་ཀྱི་ནད་པར་སྨན་ལྟ་བུ་རྩིས་བཞིན་ཡོད་སྐོར་སོགས་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་མ་ཟད།
ཉེ་ལམ་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་སྐོར་དང་འབྲེལ་ནས་བོད་ནང་དེང་སྐབས་རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་དཀའ་ངལ་དེ་དག་འཛམ་གླིང་ཕྱིའི་དོ་སྣང་བསླེབས་ཆེད་ད་བར་བོད་མི་བཅུ་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་ཡོད་སྐོར་སོགས་གསལ་བཤད་གནང་ཡོད།།