༢༠༡༡ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༡ ཉིན་ཨུ་རུ་སུ་གཙོ་བོ་གྱུར་བའི་དད་ལྡན་ཆོས་ཞུ་བ་རྣམས་ལ་བདེ་མཆོག་གི་བཀའ་དབང་མ་སྩལ་གོང་བཀའ་སློབ་ཕེེབས་དོན། བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་ལུང་པ་ཁག་སྡེ་ཚན་གཉིས་ལྟ་བུ་འདུག པཱ་ལིའི་ཆོས་བརྒྱུད་ཀྱི་སྡེ་ཚན་ནང་འབར་མ་དང་ཐེ་ལན་ཌི། ཤི་རི་ལང་ཀ། ཀེམ་བྷོ་ཌི་ཡ། ལའོ་སི་དེ་རྣམས་པཱ་ལིའི་ཆོས་བརྒྱུད་གཙོ་བོ་ཡིན། ལེགས་སྦྱར་ཆོས་བརྒྱུད་ཀྱི་སྡེ་ཚན་ནང་ཐོག་མར་རྒྱ་གར་དང་རྒྱ་ནག རྒྱ་ནག་བརྒྱུད་ཀོ་རི་ཡ་དང་ཝི་ཏིམ་ནམ། ཉི་ཧོང་། དུས་རབས་བདུན་པ་བརྒྱད་པའི་ནང་རྒྱ་གར་ནས་བོད། བོད་ནས་ཧོར་གྱི་ཡུལ་གྲུ་ཁག དེ་རིང་ཁ་སང་ཧོར་གྱི་ཡུལ་གྲུ་དེ་དག་དུམ་བུ་འགའ་ཤས་ཕྱིན་ཏེ་ནང་སོག་དང་ཕྱི་སོག དེ་ནས་རུ་སུའི་ཁོངས་ཀྱི་བྷུར་ཡ། ཁལ་མུཀ ཐུ་ཝ། དེ་བཞིན་བལ་ཡུལ་དང་རྒྱ་གར་གྱི་ཧི་མཱ་ལ་ཡའི་རི་རྒྱུད་དེ་དག་ནང་བོད་ཀྱི་ནང་ཆོས་ནས་ཁྱབ་པ་ཞིག་ཡིན། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དེ་དག་ཆགས་ཡོད། པཱ་ལི་དང་ལེགས་སྦྱར་གཉིས་ཀའི་ཐུན་མོང་གི་ཉམས་ལེན་བྱ་རྒྱུ་དེ་སོ་སོ་མཐར་པ་རེད། བཅོམ་ལྡན་འདས་ཀྱིས་ཆོས་སྐོར་དང་པོའི་སྐབས་གསུངས་པའི་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་བྱང་ཕྱོགས་སོ་བདུན། གཞན་ཡང་ཏིང་ངེ་འཛིན་གྱི་ལམ་མང་པོ་ཞིག་ཡོད་པ་དེ་དག་ལེགས་སྦྱར་དང་པཱ་ལི་ཐུན་མོང་བ་རེད། སྐབས་རེ་ང་ཚོ་མ་ཤེས་པ་ཚོས་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཐེག་པ་ཆེ་བ་ཡིན། གཞན་ཐེག་པ་དམན་པ་རེད་ཅེས་བརྗོད་ཀྱི་ཡོད། ཡང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚོས་ཐེག་དམན་གྱི་གཞུང་ཙམ་ཡོད་པ་ཚོས་ཐེག་པ་ཆེན་པོ་ཞེས་པ་དེ་སངས་རྒྱས་ཀྱི་བཀའ་མ་རེད། ལྷག་པར་བོད་ཀྱི་ཆོས་དེ་ལྷ་གསོལ་འདྲེ་གསོལ་བྱེད་མཁན་ལྟ་བུ་ཧ་ལམ་མཐོང་འགྲོ་གི་ཡོད། ང་ཚོ་བོད་པའི་སྐྱོན་གྱི་ངོས་ནས་བཤད་ན་འབག་འདྲ་མིན་གྱོན་ནས་འཆམ་འཁྲབ་པ་སོགས་བྱེད་ཀྱི་ཡོད། དེ་དག་ནི་སྤྱི་ཚོགས་ཀྱི་ལུགས་སྲོལ་ལྟ་བུ་ཆགས། ངོ་ཐོག་ཕ་རོལ་དུ་ཕྱིན་པའི་ཐེག་པའི་ལམ་གྱི་གནད་དང་། དེ་བཞིན་གསང་སྔགས་རྡོ་རྗེ་ཐེག་པའི་གནད་དེ་དག་མ་ཤེས་པར་ཆོ་ག་བཏོན་ནས་ཚིགས་ཙམ་ལྷུར་ལེན་ནས་འགྲོ་རྒྱུའི་ལུགས་སྲོལ་ཞིག་ཡོད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ནང་། །མདོ་དང་སྔགས་ཀྱིས་བྲིད་མི་བྱ། ཞེས་གསུངས་ཡོད། ཕལ་ཆེར་ང་ཚོ་བོད་ལ་སྐྱོན་གྱི་ངོས་ནས་བཤད་ན་དེ་འདྲ་རེད། འཐུས་ཤོར་ཧ་ཅང་ཕྱིན་ཡོད། བཟང་ཕྱོགས་ནས་ཞུས་ན། ཁ་སང་གོང་དུ་ཞུས་པ་ལྟར། འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ། ཚིག་ཙམ་མིན་པར། འབྲུ་རེ་རེའི་ནས་གོ་བརྡ་སྤྲད་དེ་སློབ་སྦྱོང་གཏིང་ཟབ་པོ། ལམ་དང་སྟོན་པ་ཡོངས་སུ་རྫོགས་པར་གོ་བ་ཆགས་པའི་ཐོག་ནས་ཉམས་ལེན་བྱ་རྒྱུ་ཞིག་ཡོད། དེ་ཡང་མདོ་སྔགས་འགལ་འདུ་མེད་པ། །ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ཅེས་གུང་ཐང་རིན་པོ་ཆེས་གསུངས་པ་བཞིན་རེད། ་ཐེག་པ་ཆེ་ཆུང་གི་ལམ་གྱི་གནད་ཐམས་ཅད་རྟེན་ཐོག་གཅིག་ཐོག་ཉམས་ལེན་བྱ་རྒྱུ་ཡོད་པའི་བོད་ཀྱི་སངས་རྒྱས་པའི་ཆོས་དེ་ཧ་ཅང་སྤུས་དག་པོ་ཡོད། ཐེག་ཆེན་གྱི་ཆོས་བརྒྱུད་འཛིན་མཁན་ཚང་མས་ཤེས་རབ་སྙིང་པོ་འདོན་གྱི་ཡོད། ཤེས་རབ་སྙིང་པོའི་མགོ་དེར་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། ཞེས་པའི་ཀྱང་སྒྲ་དེ་བོད་ཡིག་ནང་ཡོད་པ་དང་། རྒྱ་ཡིག་ནང་མེད་སྐོར། དེ་བཞིན་སྟོང་ཉིད་སྐོར་ལ་བཀའ་སློབ་ཕེབས་ཡོད། ལྷག་པར་མགོན་པོ་གང་ཉིད་མཆོག་གིས་དོལ་རྒྱལ་སྐོར་ལ་བཀའ་སློབ་སྩལ་དོན། ༸རྒྱལ་བ་ལྔ་པའི་སྐབས་ནས་རྙོག་གྲ་བྱུང་ཞིག་རྒྱལ་པོ་ཤུགས་ལྡན་ཞེས་པ་དེ་རེད། རིགས་འགའ་ཤས་ཀྱིས་ནི་ལྷ་ཡིན་པ་དང་ཡག་པོ་རེད་བརྗོད་མཁན་ཡོད། ཡིན་ནའང་དོལ་རྒྱལ་ཡོང་རྒྱུའི་དུས་ཚོད་དེ་༸རྒྱལ་བ་ལྔ་པའི་སྐབས་ལ་བྱུང་བ་རེད། ༸གོང་ས་ལྔ་པ་ཆེན་པོ་ནི་མདོ་སྔགས་རིག་གནས། ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བའི་གསུང་ལ་གསན་བསམ་དང་གཟིགས་རྒྱ་ཆེན་པོ་ཡོད་མཁན། དེ་བཞིན་བྱིན་རླབས་ཀྱི་རྩ་བ་བླ་མ། དངོས་གྲུབ་ཀྱི་རྩ་བ་ཡི་དམ། འཕྲིན་ལས་ཀྱི་རྩ་བ་ཆོས་སྲུང་ཞེས་གསང་གསུམ་ལྷའི་དང་སྣང་ཞལ་གཟིགས་རྒྱུན་དུ་ཡོང་མཁན་གཅིག་དང། ཆབ་སྲིད་ཀྱི་ཐོག་ནས་ཆ་བཞག་ནའང་མཁྱེན་པ་རྒྱས་པོ་ཡོད་པ་དེ་འདྲ་གཅིག་རེད། ཁོང་གིས་རྒྱལ་པོ་ཤུགས་ལྡན་གང་འདྲ་གཅིག་ལ་ངོས་འཛིན་གནང་བ་རེད་བརྗོད་ན། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ། བསྟན་དང་འགྲོ་བར་འཚེ་བ་བྱེད་མཁན་ཞིག་ལ་ངོས་འཛིན་གནང་སྟེ་དམ་བསྒྲགས་ཆེན་པོ་གནང་ཡོད། ༸གོང་ས་ལྔ་པའི་མཇུག་ནས་༸རྒྱལ་མཆོག་བདུན་པ་ཆེན་པོ་མཆོག་གི་ཡོངས་འཛིན་གཙོ་བོ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱི་རྣམ་ཐར་ནང་དུའང་ཧ་ཅང་གསལ་པོ་ཡོད། དེ་བཞིན་ཕུར་ལྕོག་ངག་དབང་བྱམས་པའི་གསུང་ཞིག་ནང་དུ་གསལ་གྱི་འདུག གང་ལྟར་དོལ་རྒྱལ་དགེ་ལུགས་པའི་བླ་མ་མང་པོ་ཞིག་གིས་དེ་ལ་ཡང་མ་དག་པར་ངོས་འཛིན་གནང་སྟེ་དམ་སྲི་ལ་ངོས་འཛིན་གནང་ཡོད། དོལ་རྒྱལ་རང་ཉིད་ས་སྐྱ་བདག་ཆེན་ཞིག་མཇལ་བར་བཅར་སྐབས་བདག་ཆེན་གྱིས་ཁྱེད་སུ་ཡིན་ཞེས་དྲིས་སྐབས། ང་དགེ་ལུགས་པའི་དམ་སྲི་དེ་ཡིན་ཞེས་ཞུས་ཡོད། དོལ་རྒྱལ་རང་ཉིད་ཀྱིས་དགེ་ལུགས་པའི་དམ་སྲི་ལ་ངོས་ལེན་བྱས་ཡོད། འོན་ཀྱང་བར་སྐབས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐབས་ནས་རེད། རིན་ཆེན་པོའི་སྐུ་ཚེ་སྟོད་ལ་དངོས་གནས་རང་བླ་མ་ཚད་ལྡན་བྱས་ནས་སྐུ་མདུན་སྐུ་གོང་མས་གཟིགས་པ་ཆེན་པོ། རིས་མེད་གནང་མཁན་ཧ་ཅང་ཡག་པོ་བྱུང་ཡོད། འོན་ཀྱང་བར་སྐབས་དོལ་རྒྱལ་བསྟེན་པར་བརྟེན་སྐུ་མདུན་སྐུ་གོང་མ་མ་མཉེས་པ་བྱུང་ཡོད། སྐུ་མདུན་སྐུ་གོང་མས་བཀའ་ནན་པོ་གནང་བ་ཞིག་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་རང་ཉིད་ཀྱི་རྣམ་ཐར་བོད་ནས་པར་བཀོད་པ་དེའི་ནང་ཧ་ཅང་གསལ་པོ་ཡོད། འོན་ཀྱང་ཕྱི་ལོ་ ༡༩༥༡ ངོས་གྲོ་མོར་ཡོད་སྐབས་སུ་གྲོ་མོར་ཤུགས་ལྡན་ཞི་དྲག་གཉིས་ཀྱི་ལྷ་ཕེབས་རྒྱུ་ཡོད། ངོས་དེར་འབྲེལ་བ་ཞིག་བྱུང། ངོས་ཀྱིས་གནས་ཚུལ་ཡག་པོ་མ་ཤེས་པར་བརྟེན་དོལ་རྒྱལ་བསྟེན་པ་རེད། དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༦༠ ལོ་མཇུག་དང་ ༡༩༧༠ འགོ་སྟོད་ནས་ངོས་རང་དེར་དོགས་པ་སྐྱེས་ཏེ་བརྟག་དཔྱད་རིམ་པ་བྱས་པ་ཡིན། མཐའ་མ་དེར་མ་འགྲིག་པ་གཅིག་གི་མཐོང་ནས་ངོས་ཀྱིས་བསྟེན་གསོལ་བྱེད་རྒྱུ་དེ་མཚམས་འཇོག་བྱས་པ་ཡིན། སྐབས་དེར་ཡོངས་འཛིན་རྣམ་པ་གཉིས་སྐུ་འཚོ་ཞིང་བཞུགས་ཡོད། ངོས་ཀྱིས་བརྟག་དཔྱད་བྱས་ནས་བྱེད་སྟངས་དེ་འདྲ་ཡིན། ཚད་མ་འདི་འདྲ་ཞིག་བྱུང་ཞེས་སྙན་སེང་ཞུས་པ་ཡིན། གླིང་རིན་པོ་ཆེར་དོལ་རྒྱལ་དྲི་མ་ཙམ་ཡང་མེད། བློ་གསལ་གླིང་གི་བླ་མ་གཅིག་ཡོད། ཁོང་གིས་མི་མང་པོས་དོལ་རྒྱལ་བསྟེན་གྱི་འདུག བསྟེན་ན་ཡག་པོ་མེད་དམ་ཞེས་གླིང་རིན་པོ་ཆེར་ཞུས་སྐབས། ཡོངས་འཛིན་རིན་པོ་ཆེས་ལྷ་གསར་པ་ལས་འདྲེ་རྙིང་པ་དྲིན་ཆེ་གི་རེད། གཡུགས་ཞོག་ཅེས་གསུངས་འདུག ཁོང་འབྲས་སྤུངས་རེད། འབྲས་སྤུངས་གནས་ཆུང་བརྟན་མ་གཙོ་བོ་རེད། ཡོངས་འཛིན་རིན་པོ་ཆེ་ཐོག་མཐའ་བར་གསུམ་དུ་དོལ་རྒྱལ་དང་འབྲེལ་བ་རྩ་བ་ནས་མེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ཡོངས་འཛིན་རིན་པོ་ཆེའི་རྩ་བའི་བླ་མ་རེད། འོན་ཀྱང་དོལ་རྒྱལ་ཐོག་ནས་འབྲེལ་བ་རྩ་བ་ནས་མེད་པ་ཞིག་ཆགས་ཡོད། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དོལ་རྒྱལ་ཧ་ཅང་བསྟེན་པ་གནང་གི་ཡོད། སྐྱབས་རྗེ་རིན་པོ་ཆེས་ངོས་ལ་བཀའ་གཅིག་གནང་མྱོང། སྐྱབས་རྗེ་རིན་པོ་ཆེ་དང་ཀརྨ་པ་རིན་པོ་ཆེ་དམ་པ་དེ་ཐུགས་ཧ་ཅང་ཉེ་པོ་ཡོད། ཉིན་གཅིག་ཀརྨ་པ་རིན་པོ་ཆེ་རྡ་སར་ཕེབས་པའི་སྐབས་ཤིག་ལ་གློ་བུར་དུ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ཀྱི་ཡིན་ཞེས་ལན་གཅིག་འབྱོར་བྱུང་གསུངས་བྱུང། ཁྲི་བྱང་རིན་པོ་ཆེ་དེ་ཉིན་དོལ་རྒྱལ་གྱི་གདམས་ངག་སྲུང་རྒྱུ་འཁེལ་ནས་མཆོད་པ་དེ་དག་སྒྲིག་བཞིན་ཡོད་གསུངས་བྱུང། དེ་མཚམས་ཀརྨ་པ་ཕེབས་ཀྱི་ཡིན་ཞེས་ལན་འབྱོར་མཚམས་མཆོད་པ་དེ་དག་མགྱོགས་པོ་སྡུབ་གསོག་བརྒྱབ་པ་ཡིན་ཞེས་གསུངས་བྱུང། གང་ཡིན་བརྗོད་ན་ཀརྨ་པ་རིན་པོ་ཆེ་དོལ་རྒྱལ་ལ་མཉེས་པོ་མེད། དོལ་རྒྱལ་ལ་སྐྱོན་གཟིགས་ཀྱི་ཡོད་པ་དེ་ཁྲི་བྱང་རིན་པོ་ཆེས་མཁྱེན་གྱི་ཡོད། དེར་བརྟག་དཔྱད་བྱ་རྒྱུ་ཞིག་ཡོད། དགེ་ལུགས་པའི་སྲུང་མ། ཆོས་སྐྱོང་སྦས་དགོས་རྒྱུ་དེ་འདྲ་ཡོད་ན་ཡག་རྟགས་མིན། དགེ་ལུགས་པའི་སྲུང་མ། ཆོས་སྐྱོང་མགོན་པོ་ཕྱག་དྲུག་ས་དགེ་བཀའ་རྙིང་རིས་སུ་མ་ཕྱེ་བ་ལ་ངོམས་སུ་ཆོག་པ་ཞིག་ཡིན། དགེ་ལུགས་པའི་སྲུང་མ་གཅིག་དེ་དམ་ཆེན་ཆོས་རྒྱལ་རེད། དེ་ཡང་གཤིན་རྗེ་ཞེས་བརྗོད་སྐབས་ག་པར་ཡིན་ནའང་ངོམས་སུ་ཆོག་པ་ཞིག་རེད། དགེ་ལུགས་པའི་སྲུང་མ་ཡིན་ཟེར་ནས་སྦས་དགོས་རྒྱུ་ལྷག་པའི་ལྷ་ཤིན་ཏུ་གསང་བ་བྱེད་དགོས་རྒྱུ་དེ་འདྲའང་མིན། དེ་ནི་གླེང་གཞི་དང་རྩོད་པ་ཅན་དེ་འདྲ་ཞིག་ཆགས་སྐབས་སྦས་དགོས་རྒྱུ་ཆགས་པ་རེད། གང་ལྟར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ངོས་ཀྱིས་ཐག་གཅོད་བྱ་རྒྱུའི་བརྟག་དཔྱད་རིམ་པ་བྱས་ནས་ཐག་གཅོད་བྱས་སྐོར་ཞིབ་ཕྲའི་སྙན་སེང་ཞུས་སྐབས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བརྟག་དཔྱད་ཧ་ཅང་ཞིབ་ཚགས་བྱུང་འདུག བརྟག་དཔྱད་བྱས་ནས་ཚད་མ་གང་བྱུང་བ་དེར་བསླུ་བ་ནམ་ཡང་མེད། དེ་འགྲིག་འདུག་ཅེས་བཀའ་གནང་བྱུང། དེར་བརྟེན་ངོས་ཀྱིས་བློ་བདེ་པོ་བྱས་ནས་མཚམས་འཇོག་བྱས་པ་ཡིན། གང་ལྟར་ངོས་ཀྱི་ས་ནས་སྡོམ་པ་དང་དབང་ཞུ་མཁན་ཞིག་ཡིན་ན། བླ་སློབ་ཀྱི་འབྲེལ་བ་ཆགས་ཡོང་གི་ཡོད། བླ་སློབ་ཀྱི་འབྲེལ་བ་ཆགས་ཡོང་སྐབས་དམ་ཚིག་གཙང་མ་བསྲེས་ལྷད་མེད་པ་ཞིག་དགོས། དོལ་རྒྱལ་ལ་ཆ་བཞག་ན་ངོས་ཀྱིས་སྔ་མོ་བསྟེན་པ་རེད། ཕྱིས་སུ་སྐྱོན་མཐོང་ནས་མཚམས་བཞག་པ་ཡིན། ངོས་ཀྱིས་མཚམས་བཞག་པ་ཙམ་དུ་མ་ཟད། གཞན་ལའང་གསལ་པོ་བྱས་ནས་ཤོད་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ནི་དེ་ཉེན་ཁ་ཡོད་པ་ཞིག་ཡིན་སྟབས། ངོས་ཀྱིས་གནས་ཚུལ་དེ་ཤེས་ཀྱི་ཡོད། དེར་བརྟེན་གསལ་བཤད་བྱ་རྒྱུ་དེ་ངོས་ཀྱི་ལས་འགན་རེད། ཉན་དང་མ་ཉན་སོ་སོས་བསམ་བློ་གཏོང་རྒྱུ་རེད། གལ་ཏེ་དོལ་རྒྱལ་མུ་མཐུད་ནས་བསྟེན་མཁན་ཞིག་ཡིན་ན། ངོས་ཀྱི་ས་ནས་བཀའ་ཆོས་ཞུས་ན་དམ་ཚིག་མ་གཙང་བ་ཞིག་ཆགས་རྒྱུ་རེད། སྤྱིར་བཏང་གི་གཏམ་བཤད་དེ་འདྲ་ཡིན་ན་ཁྱད་པར་གང་ཡང་མེད། དབང་དང་དགེ་ཚུལ་སློང་གི་སྡོམ་པ་ལེན་རྒྱུ་དེ་འདྲ་ཡིན་ན་བླ་སློབ་ཀྱི་འབྲེལ་བ་ཆགས་ཡོང་གི་ཡོད་པས། དམ་ཚིག་གཙང་མ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དོལ་རྒྱལ་བསྟེན་མཁན་ཚོ་ངོས་དང་དམ་ཚིག་འགལ་ཡོད་པ་མ་ཟད། ༸གོང་ས་ལྔ་པ་ཆེན་པོ་ནས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་བར་དུ་དམ་ཚིག་ཤོར་བ་ཞིག་ཆགས་ཡོད། སྐུ་མདུན་སྐུ་གོང་མ་ཧ་ཅང་གསལ་པོ་རེད། ངོས་ལ་ལོ་རྒྱུས་ཤིག་ཤོད་རྒྱུ་ཡོད། སྐུ་མདུན་སྐུ་གོང་མ་ཞལ་བཞུགས་སྐབས་རྩེ་སློབ་གྲྭའི་དགེ་རྒན་སྨིན་གྲོལ་གླིང་ནས་ཡོང་སྲོལ་ཡོད་པ་ལྟར། ཁོང་རང་སྨིན་གྲོལ་གླིང་ནས་རེད། ཁོང་གིས་དུས་དུས་ལ་སྐུ་མདུན་སྐུ་གོང་མའི་སྐུ་མདུན་ལ་བཅར་ཏེ་ནང་ཚགས་གནང་བཞིན་ཡོད། ཉིན་གཅིག་སྐུ་མདུན་གྱི་སྐུ་མདུན་དུ་བཅར་སྐབས་ཁོང་རང་གི་ངོ་ཤེས་པའི་རྩེ་དྲུང་ཞིག་གིས་སྐུ་ཐང་ཞིག་བསྐུར་ཏེ་དེར་རབ་གནས་ཞུ་རོགས་ཞེས་དགེ་རྒན་དེར་བསྐུར་སྐབས། སྨིན་གྲོལ་གླིང་ནས་ཕེབས་པའི་རྩེ་སློབ་གྲྭའི་རྒན་ལགས་ཁོང་གིས་སྐུ་ཐང་དེ་ག་རེ་ཡིན་མིན་ལྟ་རྒྱུ་བྱུང་མེད། སྐུ་ཐང་འཁྱེར་ནས་སྐུ་མདུན་སྐུ་གོང་མར་རབ་གནས་གནང་རོགས་ཞེས་ཞུས་ཡོད། སྐུ་མདུན་སྐུ་གོང་མས་སྐུ་ཐང་དེར་གཟིགས་འཕྲལ་དེ་མ་ཐག་དེ་མར་འཁྱེར་ཅིག་ཅེས་བཀའ་གནང་འདུག སྐུ་མདུན་སྐུ་གོང་མ་སྐུ་རླུང་བཞེངས་པའི་རྣམ་པ་གསལ་པོ་བྱུང་སོང་བས། རྒན་ལགས་ཁོང་ཧ་ཅང་ཞེད་ནས་རྔུལ་ནག་ཀྱང་འཛིར་འཛིར་བྱས་ཡོད་སྐོར་རྒན་ལགས་ཁོང་གིས་ངོས་ཤེས་ཤིག་ལ་གསུངས་འདུག ངོ་ཤེས་དེས་ངོས་ལ་བརྗོད་བྱུང། རྗེས་སུ་ལྟ་སྐབས་སྐུ་ཐང་དེའི་ལྷའི་གྲས་ལ་དོལ་རྒྱལ་གྱི་རི་མོ་གཅིག་ཀྱང་ཡོད་པ་འདྲ། སྐུ་གོང་མས་དེ་གཟིགས་ཏེ་མ་མཉེས་པ་བྱུང་སྟེ་མར་འཁྱེར་ཅིག་གསུངས་འདུག་ཅེས་བརྗོད་བྱུང་། ཕྱག་བྲིས་ནང་ལ་ཆ་བཞག་ནའང་གསལ་པོ་རེད། དོལ་རྒྱལ་བསྟེན་གསོལ་ཤུགས་ཆེན་པོ་བྱས་ཏེ་སྐྱབས་གསུམ་ཀུན་འདུས་དེ་འདྲ་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་གསུངས་ཡོད། གང་ལྟར་དོལ་རྒྱལ་བསྟེན་མཁན་ཞིག་ཡིན་ན་༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸རྒྱལ་བ་རིམ་བྱོན་དང་ངོས་ལ་དམ་ཚིག་བསྲེས་ལྷད་འགྲོ་གི་ཡོད། དོལ་རྒྱལ་བསྟེན་མཁན་ཡོད་ན་ངོས་ཀྱི་ས་ནས་དབང་དང་བཀའ་ཆོས་ཞུས་བར་མ་ཡོང་རོགས་ཞེས་ནམ་རྒྱུན་ནས་ཤོད་ཀྱི་ཡོད། ཁྱེད་རང་ཚོ་སོག་པོའི་ནང་དུ་བར་སྐབས་གུ་རུ་ཌེ་བ། ཁོང་རང་ཤུགས་ལྡན་ཞེ་དྲག་བསྟེན་མཁན་ཞིག་རེད། ངོས་ལའང་ཁྲོས་ནས་བསྡད་ཡོད། རྗེས་སུ་རྒྱ་གར་དུ་སྡོད་བཟོད་མི་བདེ་བ་བྱུང་སྟེ་སོག་ཡུལ་དུ་ཕྱིན་པ་རེད། སོག་ཡུལ་ནང་ཁོང་རང་གིས་སྟབས་བྱས་ནས་དོལ་རྒྱལ་བསྟེན་མཁན་གང་ཙམ་ཡོད་འདུག ཁྱེད་རང་ཚོ་སོག་རིགས་ནང་ལ་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡོད་ན། འདིར་མ་སྡོད་རོགས་ཟེར་རྒྱུ་ཡིན། དེ་བཞིན་ཁྱེད་རང་ཚོ་ཁལ་མུཀ་དང་ཐུ་ཝ། བྷུར་ཡ་ནང་རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡོད་ན། ངོས་ཀྱི་ས་ནས་དབང་ཞུ་རྒྱུ་དེ་རིགས་མ་བྱེད་རོགས་ཟེར་རྒྱུ་ཡིན། དེ་ངོས་ཀྱིས་ཡོངས་གྲགས་བྱས་ནས་རྒྱ་གར་དུ་དབང་སྐབས་ཤོད་ཀྱི་ཡོད། ཕྱི་རྒྱལ་དུའང་དབང་སོགས་བྱེད་སྐབས་འཆར་ཅན་བྱས་ཏེ་གསལ་བཤད་བྱེད་ཀྱི་ཡོད། དངོས་གནས་བྱས་ན་ཁ་སང་ཤོད་དགོས་པ་ལྟ་བུ་ཡིན་ནའང་ངོས་རང་བྲེལ་བ་ཆེ་བས་བརྗེད་པ་རེད། ཅེས་བཀའ་སློབ་ཕེབས་རྗེས་བདེ་མཆོག་གི་བཀའ་དབང་སྩལ་ཏེ་ཆོས་འབྲེལ་མཇུག་སྒྲིལ་མཛད་ཡོད་པ་བཅས། །