༢༠༡༡ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཟླ་བའི་དགོང་མོར་ The Church Center for the United Nations ཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡི་ཤུ་ཆོས་ཚོགས་བསྟི་གནས་ཁང་གིས་གྲ་སྒྲིག་དང༌།
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གཞོགས་འདེགས་ཞུསཐོག བསྟི་གནས་ཁང་དེའི་ཆོས་ཁང་གི་ཚོམས་ཆེན་ནང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ལྷན་འཛོམས་གནང་སྟེ་བར་ལམ་བོད་ཤར་ཕྱོགས་ས་ཁུལ་དུ་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བསྟུད་མར་ཐོན་པའི་ཁྲོད་འདས་གྲོངས་སུ་གྱུར་པའི་བོད་མིའི་ཆེད་རྗེས་དྲན་གུས་འདུད་དང༌།
བསྔོ་བ་སྨོན་ལམ་གནང་ཡོད།
བསྟི་གནས་ཁང་དེའི་ཆོས་དཔོན་ལྕམ་ Kathleen Stone མཆོག་གིས་ཐོག་མའི་འཚམས་འདྲི་གནང་སྐབས།
བོད་མི་སེར་སྐྱ་བཅུ་གཅིག་ནས་འུ་ཐུག་གི་ཐག་གཅོད་ཤུགས་ཆེན་པོ་ཞིག་བྱེད་དགོས་བྱུང་བའི་ཁྲོད་སྐུ་ཚེ་རྫོགས་པ་རྣམས་ཀྱི་ཆེད་དུ་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་བོད་མི་རྣམས་མཉམ་འཛོམས་ཐོག་ཡིད་ཀྱི་སྨོན་པ་ཚིག་གི་ལམ་དུ་བརྗོད་ནས་བསྔོ་སྨོན་གནང་ཡོད་པས་འདིར་མཉམ་ཞུགས་གནང་མཁན་ཚང་མར་འཚམས་འདྲི་ཡོད་ཅེས་གསུངས།
དེ་བཞིན་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས།
ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམ་པས་བོད་མི་ཡོངས་ཀྱི་རང་དབང་གི་དོན་དུ་རང་ལུས་མེར་སྲེག་བཏང་ནས་གཅེས་པའི་ཚེ་སྲོག་བློས་གཏོང་གནང་མཁན་ཚོའི་ཆེད་གདུང་སེམས་མཉམ་སྐྱེ་དང༌། ཐུགས་སྨོན་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང༌།
ཆབས་ཅིག་བོད་ནང་ཐོན་པའི་རང་ལུས་རང་བསྲེགས་ཀྱི་དོན་རྐྱེན་ཁྲོད་སྐུ་ཚེ་མ་ཟིན་པའི་བོད་མི་ག་ཚོད་བྱུང་ཡོད་མེད་དང༌།
དེ་རིང་སྔ་དྲོ་བཙུན་མ་དཔལ་ལྡན་ཆོས་མཚོ་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་བའི་བརྙན་འཕྲིན་དུམ་བུ་ཞིག་ལ་ལྟ་སྐབས་ཐུགས་ལ་ཚོར་བ་ཇི་བྱུང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གྲུབ་བསྟུན་ཆོས་ལུགས་སོ་སོའི་སྐུ་ཚབ་ནས་གོང་ཞུས་བོད་མི་སེར་སྐྱ་ ༡༡ གི་འདྲ་པར་ལ་ཞལ་ཕྱོགས་ཏེ་སྨོན་ཚིག་རེ་གཉིས་གསུངས་ཟིན་མཚམས་རང་སོ་སོའི་ཆོས་ལུགས་ཀྱི་གོམས་སྲོལ་རྟ་དབྱངས་འཐེན་ནས་ཐུགས་སྨོན་གནང༌ཡོད།
ཆོས་ལུགས་འདྲ་མིན་སྐུ་ཚབ་རྣམས་ནས་སྨོན་ལམ་ལྷན་དུ་གསུང་འདོན་གནང་སར་གདན་ཞུས་ལྟར་ཕེབས་པའི་ཀིརྟི་དགོན་པའི་དགོན་བདག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས།
ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་རྣམ་པས་བོད་མི་ཡོངས་ཀྱི་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་གཞིས་ལུས་བོད་མིའི་སླད་དུ་ཐུགས་སྨོན་དང༌།
རྒྱབ་སྐྱོར་གསལ་སྟོན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་མ་ཟད།
འབྲེལ་ཡོད་ཀྱི་གནས་ཚུལ་ཡང་མདོར་བསྡུས་ཤིག་ངོ་སྤྲོད་གནང༌།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡི་ཤུ་ཆོས་ཚོགས་བསྟི་གནས་ཁང་གིས་གྲ་སྒྲིག་གནང་བའི་སྨོན་ལམ་དེར་ཁ་ཆེ་དང༌། ཧིན་རྡུ། ཡི་ཤུ། ཉི་ཧོང་གི་ནང་པ། བོད་ཀྱི་ནང་པ། རྗིའུ་ཤི་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ཐོག བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིེད་ཁག་གི་འཐུས་མི་དང༌།
དད་ལྡན་ཕྱི་རྒྱལ་མི་རིགས་བཅས་ཁྱོན་མི་གྲངས་ ༦༠ ཙམ་མཉམ་ཞུགས་གནང་ཡོད།
སྨོན་ལམ་གྱི་མཇུག་ཏུ་བོད་མི་རྣམས་མི་རིགས་གཞན་གྱི་བཙན་གནོན་གྱི་འཆིང་རྒྱ་ལས་འགྲོལ་ཐུབ་པའི་མཚོན་དོན་དུ་“We Shall Overcome”ཞེས་པའི་ཨ་རིའི་ལོ་རྒྱུས་ཐོག་གྲགས་ཆེ་བའི་གླུ་གཞས་མཉམ་གཏོང་གི་སྒྲའི་ཁྲོད་དུ་ཆོས་ལུགས་འདྲ་མིན་ཐུན་མོང་སྨོན་ལམ་གསུང་འདོན་གནང་སྟེ་བའི་དོན་སྙིང་ལྡན་པའི་བྱེད་སྒོ་དེ་མཇུག་སྒྲིལ་གནང་ཡོད་པ་བཅས།།