༢༠༡༡ ཟླ་ ༡༡ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཀིརྟི་དགོན་པའི་དགོན་བདག་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་མདོ་སྨད་རྔ་པ་ཁུལ་གཙོ་བོར་གྱུར་བའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ནང་གི་བོད་མི་རྣམས་འུ་ཐུག་ནས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བསྟུད་མར་བྱུང་བའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་མེད་སྐོར་ངོ་སྤྲོད་གནང་བཞིན་ཡོད། ཀིརྟི་རིན་པོ་ཆེ་མཆོག་ད་ལམ་བཀའ་ཤག་གི་བཀའ་འབྲེལ་ལྟར་ཕྱི་ཟླ་ ༡༡ ཚེས་ཤར་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་ཞིང་། དེར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཞོགས་འདེགས་འོག་ཨ་རི་གཞུང་དང་། གྲོས་ཚོགས་ཀྱི་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་ཨ་མདོ་རྔ་པ་ཁུལ་གཙོ་བོར་གྱུར་བའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་སྒོ་ཁག་གྲུབ་སྟེ་ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕེབས། ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ཕྱི་ཚེས་ ༡༠ ཉིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་སོགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཚོགས་སྐྱིད་ཁག ༢༤ ཡི་རྒྱུན་ལས་དང་སྐུ་ཚབ་མི་གྲངས་ ༨༠ ཙམ་ངོ་ཐུག་གནང་། ཐོག་མར་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སྐྱིད་སྡུག་ཁག་ཡོངས་རྫོགས་ཀྱི་སྐུ་ཚབ་འཛོམས་པའི་གོ་སྐབས་དང་བསྟུན་ནས་གསུང་དོན་ལ། ད་ལམ་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་དང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱིས་ཨ་རི་གཞུང་དང་། གྲོས་ཚོགས། དེ་བཞིན་གནད་ཡོད་མི་སྣ་རྣམས་ལ་ཨ་མདོ་རྔ་པ་ཁུལ་གཙོ་བོར་གྱུར་བའི་ད་ལྟའི་བོད་ནང་གི་དཀའ་ངལ་རྣམས་སྙན་སེང་གནང་བའི་སྐོར་དང་། ཨ་རི་གཞུང་དང་གྲོས་ཚོགས་ནས་ཀྱང་ཁོང་གཉིས་ཀྱི་ཞུ་དོན་ལ་གསན་བཞེས་གཟབ་ནན་དང་། ཐུགས་སྣང་ཆེན་པོ་གནང་ཡོད་སྐོར། དེ་རིང་ཚོགས་སྐྱིད་ཁག་ཡོང་རྫོགས་ཀྱི་རྒྱུན་ལས་དང་སྐུ་ཚབ་རྣམས་ཀིརྟི་རིན་པོ་ཆེ་མཇལ་འཕྲད་ཀྱི་དུས་ཚོད་ཆེད་དུ་བཟོ་དགོས་པའི་དགོས་པ་རྒྱུ་མཚན་བཅས་ངོ་སྤྲོད་མདོར་བསྡུས་ཤིག་གནང་། དེ་རྗེས་ཀིརྟི་རིན་པོ་ཆེ་མཆོག་གིས་ཚོགས་སྐྱིད་ཁག་གི་རྒྱུན་ལས་སྐུ་ཚབ་རྣམས་ལ། ༡༽ཨ་མདོ་རྔ་པའི་ཁུལ་དུ་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། བོད་ནང་རྒྱ་ནག་དམར་པོའི་དབང་ཤུགས་སླེབས་པ་ནས་བཟུང་མི་ཐོག་གསུམ་རིང་གི་སྡུག་བསྔལ་རྣམས་མ་བཟོད་པར་འུ་ཐུག་ནས་རང་ལུས་མེར་སྲེག་བཏང་སྐོར་དང་། ༢༽དེ་བཞིན་མི་ཞིག་གི་ལུས་པོའི་སྣག་ཐོན་ས་གཅིག་ནས་ཐོན་དགོས་པ་ལྟར་ཨ་མདོ་རྔ་པ་ཁུལ་ནས་ཐོན་པ་དང་འདྲ་ཞིང་། དོན་དུ་བོད་ས་ཡོངས་རྫོགས་ལ་མ་བཟོད་པའི་སྡུག་བསྔལ་ཡོད་པ་གཅིག་གྱུར་ཡིན་པའི་སྐོར། ༣༽བོད་ནང་ཛ་དྲག་གནས་ཚུལ་བྱུང་བའི་སྐབས་བཙན་བྱོལ་བོད་མི་གནས་ཡུལ་ས་གནས་ཚང་མས་གཞིས་ལུས་སྤུན་ཟླར་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེའི་ལས་འགུལ་གཞི་རྒྱ་ཆེ་ཆུང་སྣ་ཚོགས་ཤིག་གནང་གི་ཡོད་པ་ལྟར། ཨ་རིར་བཞུགས་མཁན་བོད་མི་ཚོས་ཀྱང་ལས་འགུལ་གང་ལེགས་གནང་འདུག་པར་བསྔགས་བརྗོད་དང་འབྲེལ་ད་དུང་མུ་མཐུད་ནས་རྒྱུན་སྐྱོང་གནང་རྒྱུ་གལ་ཆེ་ཡིན་པའི་སྐོར། ༤༽ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་གྱི་ཀིརྟི་དགོན་པའི་གནས་སྟངས་སྐོར། ༥༽ཨ་མི་རི་ཁ་དང་ལྷག་པར་ནིའུ་ཡོཀ་གྲོང་ཁྱེར་ནི་གནད་འགག་ཆེ་བའི་ས་ཆ་ཞིག་ཡིན་སྟབས། ལས་འགུལ་གྱི་ནུས་པ་མ་ཉམས་པར་མུ་མཐུད་གནས་དགོས་རྒྱུ་གལ་ཆེའི་རང་བཞིན་སོགས་འགྲེལ་བརྗོད་ཞིབ་ཕྲ་གནང་ཡོད། ཕྱི་ཚེས་ ༩ དང་ ༡༠ ཉིན་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་(NTDTV)ཞེས་པའི་རྒྱ་སྐད་བརྙན་འཕྲིན་ཁང་དང་། (Epoch Times)ཞེས་པའི་རྒྱ་ཡིག་ཚགས་པར་ཁང་གི་དབྱིན་སྐད་སྡེ་ཚན་གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་། སྐབས་དེར་གཙོ་བོ་མདོ་སྨད་རྔ་པས་གཙོས་ཁམས་རྟའུ་དང་དཀར་མཛེས་ཁུལ་དུ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་བསྟུད་མར་བྱུང་བའི་རྐྱེན་རྩ་གང་ལ་ཐུག་གི་ཡོད་མེད་སྐོར་དང་། གསར་འགོད་པས་དྲི་བ་ཞུས་དོན་ལྟར་ཨ་མདོ་རྔ་པ་ཁུལ་དུ་གནས་ཚུལ་འདི་ཤུགས་ཆེ་ཤོས་ཡོང་དགོས་པའི་མི་ཐོག་གསུམ་གྱི་སྔ་ཕྱིའི་རྒྱུ་མཚན། རང་ལུས་མེར་སྲེག་བཏང་བ་དེ་གཞན་ལ་འཚེ་བའི་ལས་ཡིན་མིན་གཙོ་བོ་ཀུན་སློང་ལ་རག་ལུས་ཡོད་པའི་སྐོར། རྒྱ་ནག་གཞུང་གིས་དེང་སང་ཀིརྟི་དགོན་པར་སྔར་བཞིན་དྲག་གནོན་གྱི་བྱ་ཐབས་འཛིན་བཞིན་ཡོད་པ་མ་ཟད། དངོས་དོན་མིན་པའི་དྲིལ་བསྒྲགས་རྫུན་མ་བྱས་ནས་མི་དམངས་རྣམས་མགོ་བོ་འཁྲུལ་དུ་འཇུག་གི་ཡོད་པའི་སྐོར་སོགས་ལན་འདེབས་གནང་། བཅར་འདྲིའི་སྐབས་དོན་ཁང་གི་ལ་ཌིན་ཨ་མི་རི་ཁའི་འབྲེལ་མཐུད་པ་དྲུང་འཕར་ཚེ་དབང་ཕུན་ཚོགས་ལགས་དང་། རྒྱ་རིགས་འབྲེལ་མཐུད་པས་གསུང་བསྒྱུར་དུ་ཕེབས། མི་ནི་སུད་ཊར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གདན་ཞུ་གནང་དོན་བཞིན་ཕྱི་ཚེས་ ༡༢ ཉིན་ཁུལ་དེའི་བོད་མི་ ༢༠༠ ཙམ་ལ་གོང་བཞིན་གནས་ཚུལ་ངོ་སྤྲོད་གནང་ཡོད། ལྷག་པར་ཉིན་ཤས་ནིའུ་ཡོཀ་ཏུ་བཞུགས་རིང་དོན་ཁང་གིས་གོ་སྒྲིག་ཞུས་པ་ལྟར་ཕྱི་ཚེས་ ༡༨ ཉིན་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། དམངས་གཙོ་དོན་གཉེར་བ། རྒྱ་ནག་སྐམ་ས་ཆེན་པོ་ནས་ཕེབས་པའི་ཤེས་ཡོན་ཅན་བཅས་ཁྱོན་རྒྱ་རིགས་ ༦༠ ལྷག་ཙམ་གྱི་ལྷན་དུ་སྣེ་ལེན་འདུ་འཛོམས་གནང་རྒྱུ་དང་། སྐབས་དེར་ཡང་རྔ་པ་ཁུལ་གྱི་སྔ་ཕྱིའི་གནས་སྟངས་ངོ་སྤྲོད་གནང་རྒྱུ་ཡིན་འདུག དེ་བཞིན་ཆོས་ལུགས་འདྲ་མིན་གྱི་མི་སྣའི་ལྷན་དུ་སྨོན་ལམ་འཚོགས་རྒྱུ་སོགས་ཀྱི་ལས་རིམ་མུ་མཐུད་གནང་རྒྱུ་ཡིན་པ་བཅས། །
བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ནིའུ་ཡོཀ་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བཞིན་པ།
གསར་གནས།
འབྲེལ་གནས།