༢༠༡༡ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་དང་ས་འབྲེལ་གྱི་འབྲུག་དང་བལ་ཡུལ། འབྲས་མོ་ལྗོངས། འབར་མ། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ལ་ཧོལ་སྤྱི་ཏི། ཀྱི་ནོར། ལ་དྭགས་དང་། དེ་བཞིན་རྒྱ་གར་བྱང་ཤར་གྱི་ས་ཁུལ་མི་ཛོ་རམ་དང་ནཱ་ག་བཅས་ནས་ཁྱོན་སློབ་ཕྲུག་གྲངས་ ༢༠ ཙམ་ལ་བོད་ཀྱི་ནང་ཆོས་དང་རྒྱལ་རབས། ཁོར་ཡུག བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དང་དེའི་བྱུང་རིམ་སོགས་ངོ་སྤྲོད་གནང་རྒྱུ་ཡིན་འདུག དེ་རིང་སྔ་དྲོ་མཛད་སྒོ་དབུ་འབྱེད་སྐབས་ཐོག་མར་ཕྱི་འབྲེལ་ཚན་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ཟབ་སྦྱོང་དང་འབྲེ་བའི་ངོ་སྤྲོད་གསུང་བཤད་གནང་འཕྲལ། སློབ་མ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་གནང་ཡོད།
སྐབས་དེར་འབར་མ་དང་ནཱ་ག དེ་བཞིན་མི་ཛོ་རམ་སོགས་ནས་ཕེབས་པའི་སློབ་མ་རྣམས་ཀྱིས་བོད་ལ་རྒྱ་ནག་གི་དབང་བསྒྱུར་འོག་འཕྲད་བཞིན་པའི་དཀའ་ངལ་དང་ཁོང་ཚོའི་རང་ཡུལ་ལ་འཕྲད་བཞིན་པའི་དཀའ་ངལ་གཉིས་རྣམ་པ་འདྲ་བ་ཡོད་སྟབས། བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་ནས་བློ་སྐྱེད་ལེན་རྒྱུའི་རེ་བ་བརྒྱབ་སྟེ་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཡོད་སྐོར་གསལ་བཤད་གནང།
དེ་རྗེས་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༡༩༤༧ ནས་ཕྱི་ལོ་ ༢༠༡༡ བར་བོད་ཀྱི་ཆབ་སྲིད་ལོ་རྒྱུས་དང། བོད་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་ལམ། མཐར་ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་བཙན་འཛུལ་བྱས་ཚུལ། རྒྱལ་སྤྱིའི་ནང་བོད་མིའི་རང་དབང་གི་འཐབ་རྩོད་བྱེད་ཚུལ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་ཆབ་སྲིད་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་ཚུལ་སོགས་ཀྱི་སྐོར་ཆུ་ཚོད་གཅིག་ཙམ་རིང་གསུང་བཤད་གནང་རྗེས། ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད། ཕྱོགས་མཚུངས་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་དང་འཛིན་སྐྱོང་ལྷན་ཁང་སོ་སོའི་ཚན་པ་ཁག་ངོ་སྤྲོད་དང་ལས་དོན་འགན་ཁུར་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། གཞན་ཡང་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཉག་ཕྲ་བའི་སྐོར་སོགས་གསལ་བཤད་གནང་རྒྱུ་ཡིན་འདུག ཟབ་སྦྱོང་དེ་བཞིན་ཕྱི་ཚེས་ ༡༤ ཉིན་མཇུག་སྒྲིལ་གནང་འཆར་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཟབ་སྦྱོང་བ་རྣམས་ལ་གསུང་བཤད་གནང་རྒྱུ་དང། རྡ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དང་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་བོད་བརྒྱུད་ནང་བསྟན་སྤྱི་དང་ལྷག་པར་རྒྱ་གར་ནས་ནང་ཆོས་བོད་དུ་ཐོག་མར་དར་ཚུལ་སོགས་ཀྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབྲུག་བསྟན་སྐྱིད་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསལ་བཤད་གནང་རྒྱུ་ཡིན་འདུག
ཟབ་སྦྱོང་གྲོལ་རྗེས་ཚོགས་བཅར་བ་རྣམས་ནས་བོད་ཀྱི་ཟློས་གར་ཚོགས་པར་ལྟ་སྐོར་དང་དེ་བཞིན་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་སྐྱིད་ཁག་ངོ་སྤྲོད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་མཇལ། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྟ་སྐོར། ལྷག་པར་རྒྱུད་སྟོད་གྲྭ་ཚང་དུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་མཇལ་ཁ་ཞུ་རྒྱུ་བཅས་ཡིན་འདུག་པ་བཅས།།