༢༠༡༡ ཟླ ༡༡ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་རྒྱལ་ས་ཨུ་ལན་བྷ་དུའི་ཉེ་འཁྲིས་སུ་ཡོད་པའི་(Buyant Ukhaa)ཞེས་པའི་རྩེད་ཐང་ཆེན་པོར་སོག་པོའི་དད་ལྡན་མང་ཚོགས་ ༡༠༠༠༠ བརྒལ་བར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་བཀའ་དྲིན་སྐྱོང་བཞིན་པའི་སྐབས་སོག་ཡུལ་དང་བོད་བརྒྱུད་ནང་བསྟན་གྱི་འབྲེལ་བའི་སྐོར་ལ་བཀའ་སློབ་སྩལ་བ་དང་སྦྲགས་དེང་གི་ཆར་རང་དབང་ལུང་པའི་ནང་ཡོད་པ་ཚོས་བསྟན་པ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་ཡོང་རྒྱུར་ཤུགས་རྒྱག་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན། སྔར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ལ་ཡང་སངས་རྒྱས་ཆོས་ཕལ་ཆེར་ཆེན་པོ་ཧོར་གྱི་ཡུལ་དང་འབྲེལ་བ་བྱུང་ཡོད། ཕྱིས་སུ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་ཕེབས་ཏེ་སོག་པོ་དང་དམིགས་བསལ་གྱི་འབྲེལ་བྱུང་བ་རེད། དེ་ལྟ་བུའི་ཐོག་ནས་སོག་པོར་ཕལ་ཆེར་དགེ་ལུགས་གཙོ་བོ་རེད་འདུག དུས་ཕྱིས་སུ་སེར་འབྲས་དགའ་གསུམ་དང་བཀྲིས་འཁྱིལ། དེ་བཞིན་སྐུ་འབུམ་སོགས་ལ་སོག་པོའི་གྲྭ་རྒྱུན་ཧ་ཅང་མང་པོ་ཡོད། ངོས་རང་ཆུང་དུས་སྐབས་གཙོ་བོ་འབྲས་སྤུངས་རེད། སོག་ཡུལ་ལ་གསར་བརྗེ་བྱུང་རྗེས་གྲྭ་རྒྱུན་ཆད་པ་རེད། འོན་ཀྱང་དེ་དུས་སོག་པོའི་སློབ་གཉེར་བ་ཕལ་ཆེར་ལྔ་བཅུ་དྲུག་ཅུ་དེ་འདྲ་མེད་དམ། དངོས་གནས་དྲང་གནས་སོག་པོའི་མཁས་པ་མང་དག་ཅིག་ཐོན་ཡོད། བར་སྐབས་ཁྱེད་རང་ཚོར་དཀའ་ངལ་འཕྲད་ཡོད་ཀྱང་གཞི་ནས་རང་དབང་ཐོབ་སྟེ་བསྟན་པ་སླར་གསོ་བྱ་རྒྱུའི་དུས་ཚོད་ལ་སླེབས་སྐབས། སྔར་གྱི་སོག་པོའི་མཁས་གྲུབ་གཉིས་ལྡན་གྱི་བསྟན་འཛིན་གྱི་སྐྱེས་བུ་བསྟན་པའི་བྱ་བ་རླབས་ཆེན་པོ་མཛད་མཁན་ཁོང་རྣམ་པ་བཞིན་འཐོན་ཐུབ་རྒྱུར་ཁྱེད་རང་ཚོས་འབད་བརྩོན་བྱས་ནས་ལྷག་བསམ་བསྐྱེད་དགོས། མཁས་པ་ཞེས་པ་དེ་གོ་ས་དང་དབང་བྱིན་རླབས་ཐོབ་ནས་ཡོང་རྒྱུ་མེད། ལོ་ནས་ལོ་བསྟུད་དེ་དཔེ་ཆ་དང་འབྲལ་མེད་བྱས་ཏེ་དཔེ་ཆ་ལྟ་དགོས། ཞེས་བཀའ་སློབ་ཕེབས་ཡོད།
ལྷག་པར་༸གོང་ས་མཆོག་གིས་བཀའ་དབང་སྐབས་སུ་དོལ་རྒྱལ་བསྟེན་སྲོལ་བྱེད་མཁན་ཡོད་ཚེ་དབང་ལ་ཡོང་རྒྱུ་མེད་པའི་སྐོར་ལམ་སྟོན་བཀའ་སློབ་སྩལ་དོན། ཁ་སང་དང་དེ་རིང་ངོས་ཀྱིས་ལེགས་སྦྱར་བཤད་པ་ལྟ་བུ་ཡིན་པས། ཡིན་གཅིག་མིན་གཅིག་བླ་མའི་འདུ་ཤེས་བཞག་སྟེ་ཉན་དགོས་དོན་མེད། ཏཱ་ལས་ག་རེ་ཤོད་ཀྱི་འདུག་ཅེས་ཉན་པར་ཡོང་ན་འགྲིག སང་ཉིན་ཆོས་འབྲེལ་དང་དབང་། དེ་བཞིན་སྡོམ་པ་འབོགས་ཀྱི་ཡོད། དེར་བརྟེན་བླ་མ་དང་སློབ་མའི་འབྲེལ་བ་ཆགས་ཀྱི་ཡོད་པས་དམ་ཚིག་གཙང་མ་ཞིག་དགོས་ཀྱི་ཡོད། ངོས་ཀྱིས་དབང་བསྐུར་བའི་སྐབས་དམ་ཚིག་གཙང་མ་དགོས་ཞེས་ཤོད་ཀྱི་ཡོད། བར་སྐབས་རྒྱལ་པོ་ཤུགས་ལྡན་ཞེས་པ་དེ་སྔ་མོ་ངོས་རང་གིས་མ་ཤེས་པ་དང་ནོར་འཁྲུལ་བྱས་ཏེ་བསྟེན་པ་རེད། དེ་རྗེས་ངོས་ཀྱིས་གཞི་ནས་དོ་སྣང་བྱེད་སྐབས་བསྟེན་རྒྱུ་དེ་ནོར་འཁྲུལ་རེད་འདུག རྒྱལ་པོ་ཤུགས་ལྡན་༸གོང་ས་ལྔ་པའི་སྐབས་ནས་བྱུང་བ་རེད། ༸གོང་ས་ལྔ་པས་རྒྱལ་པོ་ཤུགས་ལྡན་གང་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ་ཞེ་ན། རྒྱལ་པོ་ཤུགས་ལྡན་གྱི་ངོ་བོ་དམ་སྲི་འབྱུང་པོ། རྒྱུ་གང་ལ་བསྟེན་ནས་བྱུང་བ་རེད་ཅེ་ན། སྨོན་ལམ་ལོག་པ། དེའི་བྱེད་ལས་ག་རེ་ཡོད་དམ་ཞེ་ན། བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན། དེ་ལྟ་བུ་ཞིག་རི་བོ་དགེ་ལུགས་པའི་སྲུང་མ་རེད་ཅེ་བརྗོད་ན་ཞབས་འདྲེན་ཡིན། རི་བོ་དགེ་ལུགས་པའི་སྲུང་མ་རྗེ་རིན་པོ་ཆེས་མགོན་པོ་ཕྱག་དྲུག་དང་དམ་ཅན་ཆོས་རྒྱལ་ལ་བཀའ་བཀོད་གནང་ཡོད། རྗེ་རིན་པོ་ཆེས་མགོན་པོ་ཕྱག་དྲུག་དང་དམ་ཅན་ཆོས་རྒྱལ་ལ་འཇོན་ཐང་ཡོད་པ་གཟིགས་ནས་བཀའ་བཀོད་གནང་བ་རེད་མ་གཏོགས། རྗེ་རིན་པོ་ཆེས་ཞེ་ས་མ་ཞུ་ན་འཚོད་ལ་མ་འཚོད་བྱས་ནས་བཀའ་བཀོད་གནང་གི་མ་རེད། དེར་བརྟེན་རྒྱལ་པོ་ཤུགས་ལྡན་བསྟེན་ན་༸གོང་ས་ལྔ་པར་དམ་ཚིག་ཤོར་བ་རེད། ༸གོང་ས་ལྔ་པའི་ཡང་སྲིད་དཔེར་ན། སྐུ་མདུན་སྐུ་གོང་མར་ཆ་བཞག་ན། རྒྱལ་པོ་ཤུགས་ལྡན་ལ་ཧ་ཅང་དམ་བསྒྲགས་གནང་ཡོད། སྐུ་མདུན་སྐུ་གོང་མ་སྐུ་ཕྲེང་བཅུ་གསུམ་པ་སོག་ཡུལ་དུ་ཕེབས་མཁན་ལ་ཡང་ཁྱེད་རང་ཚོས་དམ་ཚིག་ཉམས་པ་རེད། ངོས་ཀྱི་མདུན་ནས་དབང་ཞུས་ན་དམ་ཚིག་ཉམས་འགྲོ་གི་ཡོད་པས། རྒྱལ་པོ་ཤུགས་ལྡན་བསྟེན་མཁན་ཡོད་ན། ངོས་ཀྱི་མདུན་ལ་བཀའ་ཆོས་ཞུ་བར་ཡོང་ན་འགྲིག་གི་མེད་སྟབས། སང་ཉིན་བཀའ་ཆོས་བྱ་རྒྱུ་ཡིན་པས་བླ་སློབ་ཀྱི་འབྲེལ་བ་འཇོག་དགོས་ཀྱི་ཡོད། དེར་བརྟེན་རྒྱལ་པོ་དོལ་རྒྱལ་བསྟེན་མཁན་སྐྱ་སེར་སུ་ཞིག་ཡིན་རུང་མ་ཡོང་རོགས་ཟེར་རྒྱུ་ཡིན། སྤྱིར་རྒྱལ་པོ་ཤུགས་ལྡན་བསྟེན་དང་མི་བསྟེན་སོ་སོ་རང་དབང་རེད། གལ་ཏེ་ཚོང་དང་ལམ་འགྲོ་ཡག་པོ་ཡོང་གི་རེད་ཅེས་མགོ་སྐོར་འོག་ཚུད་པ་དེ་འདྲ་ཡོད་ན། དེ་རིང་ནས་མཚམས་འཇོག་བྱོས་དང་རྩ་བ་ནས་ཞེད་སྣང་བྱེད་དགོས་དོན་མེད། གལ་སྲིད་ཁ་མཆུ་རྒྱག་དགོས་ཡོད་ན་ངོས་ཀྱིས་རྒྱག་གི་རེད། ཁྱེད་རང་ཚོ་ཞེད་མི་དགོས། ཡང་ན་དེའི་སྐྱོན་ཤེས་བཞིན་དུ་ཁྱད་དུ་སྲོལ་མཁན་དེ་འདྲ་ཡིན་ན། སོ་སོའི་རང་དབང་རེད། མགོ་རྟིང་སློག་ནས་ཕྱིན་ཡང་ངོས་ལ་ཁྱད་པར་གང་ཡང་མེད་ཅེས་བཀའ་སློབ་སྩལ་ཡོད།
ཐེངས་འདི་ནི་༸གོང་ས་མཆོག་སོག་ཡུལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཐེངས་དགུ་པ་ཡིན་འདུག་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སོག་པོའི་མང་ཚོགས་ཆིག་ཁྲི་བརྒལ་བར་ཆོས་འབྲེལ་སྐབས་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།