༢༠༡༡ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་ Ambaran ཨམ་བ་རན་ཞེས་པའི་ས་གནས་སུ་རྒྱ་གར་གནའ་རྫས་རྟོགས་ཞིབ་པར་གསར་དུ་རྙེད་སོན་བྱུང་བའི་གནའ་བོའི་ནང་པའི་གནས་ཆེན་ཞིག་གི་གནའ་ཤུལ་ལ་རབ་གནས་དང་གནས་གཟིགས་མཛད་པ། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་ཇམ་མུའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨོ་མར་ཨབ་དྷུ་ལ་(Omar Abdullah)མཆོག་དང་། ཇམ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཊལ་ལལ་ཤར་མ་མཆོག་(Madan Lal Sharma)ཇམ་མུ་ཀ་ཤི་མིར་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཤཱམ་ལལ་ཤར་མ་(Sham Lal Sharma)མཆོག མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ངག་དབང་རིག་འཛིན་སྦྱོར་ར་(Ngawang Rigzin Jora)མཆོག
ཇམ་མུ་མངའ་སྡེའི་འབྲེལ་ཡོད་ས༌གནས་དཔོན་རིགས་ལས་སྣེ་བརྒྱ་ཙམ་དང་ཕེབས་ལམ་གཡས་གཡོན་དུ་སློབ་ཕྲུག་དང་དད་ལྡན་མི་མང་བརྒྱ་ཕྲག་མང་པོས་ཕེབས་བསུ་དང་བཅས་ཆུ་ཚོད་ ༡༠ ཐོག་ཇམ་མུ་ཀ་ཤི་མིར་མངའ་སྡེའི་Academy of Art, Culture & Languages ཞེས་པའི་འགྲེམས་སྟོན་ཁང་མདུན་རྒྱ་གར་གྱི་རོལ་དབྱངས་ཚོ་ཁག་གཉིས་ནས་ཕེབས་བསུ་དང་སྦྲགས་མགོན་པོ་གང་ཉིད་མཆོག་གིས་ནང་པའི་གནའ་བོའི་རྟེན་རྫས་དཔར་རིགས་འགྲེམས་སྟོན་ཁང་དབུ་འབྱེད་དར་སྣེ་གཅོད་འབྲེག་མཛད་རྗེས་དཔར་རིགས་ཆེ་ཆུང་བརྒྱ་ཕྲག་བརྒལ་བར་གཟིགས་སྐོར་གྲུབ་བསྟུན་རྒྱ་གར་བའི་གསར་འགོད་པ་རྣམས་ལ་གཟིགས་སྐོར་དང་འབྲེལ་བའི་བཀའ་ལན་སྩལ་ཏེ་མངའ་སྡེའི་བློན་ཆེན་སོགས་ཀྱི་ཕེབས་རོགས་འོག་ཉེ་འཁྲིས་ཀྱི་གསོལ་མགྲོན་ཁང་ཞིག་ཏུ་གདན་འདྲེན་ཞུས། དེ་ནས་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཇམ་མུའི་ཨམ་བ་རན་ཞེས་པའི་ས་གནས་སུ་རྒྱ་གར་གྱི་གནའ་རྫས་རྟོག་ཞིབ་པར་གསར་དུ་རྙེད་སོན་བྱུང་བའི་ནང་པའི་གནའ་བོའི་གནས་ཆེན་གྱི་གནའ་ཤུལ་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རབ་གནས་གཟིགས་སྐོར་དང་ཉེ་འགྲམ་གྱི་ཁང་ཆུང་ཞིག་ནང་གནའ་ཤུལ་དེ་ནས་ཐོན་པའི་རྟེན་རྫས་ཁག་གི་དཔར་རིགས་ལ་གཟིགས་སྐོར་དང་།
འབྲེལ་ཡོད་མི་སྣས་འགྲེལ་བཤད་སྙན་སྒྲོན་ཞུས། དེ་ནས་ཆུ་ཚོད་ ༡ ཐོག་ཨཀ་ནུར་Akhnoor ཞེས་པའི་གྲོང་སྡེའི་ཕེབས་ལམ་གཡས་གཡོན་དུ་རྒྱ་གར་བའི་སློབ་ཕྲུག་སྟོང་ཕྲག་མང་པོས་ཕེབས་བསུ་དང་བཅས་གཞུང་གི་སློབ་འབྲིང་ཞིག་གི་ཐང་ཆེན་དུ་ས་གནས་དེར་སློབ་གྲྭར་བསྐྱོད་བཞིན་པའི་ལ་དྭགས་པའི་སློབ་ཕྲུག་དང་མི་མང་གི་གཙོས་རྒྱ་གར་ཡུལ་མི་བཅས་ཁྱོན་མི་གྲངས་ ༡༥༠༠༠ བརྒལ་བར་རྒྱ་གར་གནས་སྲོལ་གྱི་རོལ་དབྱངས་ཁྲོད་མངའ་སྡེའི་ཡུལ་སྐོར་བློན་ཆེན་ངག་དབང་རིག་འཛིན་སྦྱོར་ར་མཆོག་དང་། ཇམ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཊལ་ལལ་ཤར་མ་མཆོག་གིས་༸གོང་ས་མཆོག་དེར་འདུས་མི་མང་རྣམས་ལ་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། དེ་རྗེས་ཇམ་མུ་ཀ་ཤི་མིར་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མ་ཊལ་ལལ་ཤར་མ་མཆོག་དང་། མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་ཤཱམ་ལལ་ཤར་མ་མཆོག མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་ངག་དབང་བསྟན་འཛིན་སྦྱོར་ར་མཆོག་གི་གཙོས་དཔོན་རིགས་ཐུན་མོང་གིས་༸གོང་ས་མཆོག་ལ་མགོན་པོ་གང་ཉིད་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་ཞིག་འབུལ་ལམ་ཞུས་རྗེས་༸གོང་ས་མཆོག་གིས་ཁོང་རྣམ་པར་ཐུགས་རྗེ་ཆེའི་ཞུའི་མཇལ་དར་རེར་སྒྲོན་ཏེ་ཉིན་འདིའི་མཛད་འཆར་ཡོངས་རྫོགས་གྲོལ་ཏེ་བཞུགས་སྒར་ལ་ཆིབས་ཞལ་བསྒྱུར།།