༢༠༡༡ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས་ཉིན་ཨེ་ཤི་ཡའི་ས་ཁུལ་གྱི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུ་(International Tibet Network)ཐེངས་གསུམ་པ་དེ་བཞིན་ཕྱི་ཚེས་ ༡༤ ནས་ ༡༦ བཅས་ཉིན་གསུམ་རིང་རྡ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད། དེ་ཡང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཛིན་སྐྱོང་འགན་འཛིན་ལྕམ་ཨེ་ལི་སོན་རེ་ནོལ་ཌི་མཆོག་བཅས་དབུ་བཞུགས་ཀྱིས་ཐོག་མར་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཨ་རི་དང་ཁེ་ཎ་ཌ། ཡུ་རོབ། ཐེ་ཝན། རྒྱ་གར། བལ་ཡུལ། ཨོ་སི་ཊོ་ལི་ཡ་བཅས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་བཅར་བ་གྲངས་ ༤༥ ཙམ་དང་ཕྱི་འབྲེལ་དྲུང་ཆེ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་བཅས་ལ་ཕེབས་བསུ་དང་སྦྲགས། ཚོགས་འདུ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་དོན། དེ་རིང་འདིར་ཕེབས་པའི་ཚོགས་བཅར་བ་མང་པོ་ཞིག་ངོ་ཤེས་ཆགས་འདུག སྔ་ལོ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་སྐབས་དོན་ཚན་ལྔ་ཅན་གྱི་དམིགས་ཡུལ་ངེས་ཅན་ཞིག་གཏན་འབེབས་གནང་བ་རྣམས་ནི། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་།
རྒྱ་རིགས་ཚོ་དང་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། རྒྱལ་སྤྱིའི་སྟེང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གོ་རྟོགས་སྤེལ་རྒྱུ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཐབས། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་སློབ་ཕྲུག་ལ་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ་བཅས་ཡིན། དམིགས་ཡུལ་དེ་དག་ཡོངས་སུ་བསྒྲུབ་མིན་ལ་མ་ལྟོས་པར་ད་ལྟའི་ཆར་ལག་བསྟར་རྒྱུན་འཁྱོངས་བྱེད་མུས་ཡིན་པར་ང་ལ་ཡིད་ཆེས་ཡོད། ཕྱོགས་མཚུངས་ང་ཚོ་བོད་མིའི་སྒྲིག་འཛུགས་ལའང་དམིགས་ཡུལ་ངེས་ཅན་གྱི་ཐོག་ནས་ལག་བསྟར་བྱེད་དགོས་པའི་འཆར་གཞི་མང་དག་ཅིག་ཡོད། ང་རང་ལས་འགུལ་བ་ཞིག་བྱས་མྱོང་བའི་ཆ་ནས་ལས་འགུལ་སྤེལ་སྐབས་གདོང་ལེན་བྱེད་དགོས་པའི་དཀའ་ངལ་མང་དག་ཅིག་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། ད་ལྟ་བོད་རྔ་པ་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་གི་གཅེས་པའི་ལུས་སྲོག་ཀྱང་མཆོད་མེར་ཕུལ་བའི་ཛ་དྲག་གི་གནས་སྟངས་རབ་དང་རིམ་པ་འབྱུང་བཞིན་པར་བརྟེན། བཀའ་སྤྱི་མཐུན་མོང་གིས་གདུང་སེམས་མཉམ་སྐྱེ་ཐོག་ཟླ་བ་ ༡༠ ཕྱི་ཚེས་ ༡༩ ཉིན་ཟས་བཅད་དང་མཆོད་འབུལ་སྨོན་ལམ་དེ་བཞིན་ཞི་བའི་གོམ་བགྲོད་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་མ་ཟད། བཀའ་སྤྱི་ཐུན་མོང་ནས་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་དང་། ཕྱོགས་མཚུངས་བཀའ་ཁྲི་མཆོག་ཟླ་མཇུག་ཏུ་ཨ་རིར་བསྐྱོད་དེ་ཕྱི་ཟླ་ ༡༡ མགོ་སྟོད་དུ་ཨ་རིའི་གྲོས་ཚོགས་གོང་འོག་གི་འབྲེལ་ཡོད་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་ལས་འགུལ་འཆར་གཞི་ལྟར་སྤེལ་ཐབས་བྱ་རྒྱུ་དང་ཕྱི་དྲིལ་བཀའ་བློན་མཆོག་ཀྱང་ཕྱི་ཚེས་ ༡༤ ཕྱི་དྲོར་ཁེ་ཎ་ཌར་ཕེབས་འཐོན་གནང་རྒྱུ་རེད། དེར་བརྟེན་ཕྱི་དྲིལ་བཀའ་བློན་མཆོག་ནས་ཀྱང་ལས་འགུལ་དེ་མཚུངས་སྤེལ་ངེས་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་གྲུབ་བསྟུན། སི་ཊེབ་ཀོ་རོ་ཤོ་(Steve Crawshaw) ལགས་དང་ཇོན་ཇེཀ་སན་(John Jackson)ལགས་ཀྱིས་རྩོམ་སྒྲིག་གནང་བའི་(Small Acts of Resistance)འགོག་རྒོལ་གྱི་བྱེད་ལས་ཆུང་རྩག ཅེས་པ་པདྨ་ཚེ་དབང་ཤཱ་སྟྲི་ལགས་ཀྱིས་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་པའི་དཔེ་དེབ་དེ་བཞིན་བཀའ་ཁྲི་མཆོག་གིས་དབུ་འབྱེད་གནང་ཡོད་པ་བཅས།།