༢༠༡༡ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འགན་འཛིན་སྐུ་ཞབས་སེམ་ཛ་རི་ཕི་ (Sam Zarifi) ལགས་ཀྱིས་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་བའི་བོད་ཀྱི་ས་ཁུལ་ཁག་ནང་འདི་ལོ་ཕྱི་ཟླ་ ༣ ནས་སྐྱ་སེར་ཁྱོན་མི་གྲངས་དགུས་རང་ལུས་མེར་སྲེག་བཏང་རྗེས་བཞི་འདས་གྲོངས་སུ་གྱུར་བ་དང་། ལྔ་པོ་རྣམས་ད་ལྟའི་ཆར་གནས་སྟངས་ཇི་ཡིན་གསལ་རྟོགས་གང་ཡང་མེད་པའི་གནས་ཚུལ་ཐོན་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པའི་ཐོག་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། བཙུན་མ་བསྟན་འཛིན་དབང་མོ་ནི་ཉེ་བའི་ཟླ་ཤས་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་ཐེངས་དགུ་པ་དེ་ཆགས་ཡོད། དོན་རྐྱེན་དེས་དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་དང་རིག་གཞུང་ལ་དམ་བསྒྲགས་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་བརྟེན། བོད་མི་ཚོ་འ་ཆད་འུ་ཐུག་གི་གནས་སྟངས་གསར་པ་ཞིག་ལ་སླེབས་ཡོད་པའི་མངོན་རྟགས་གསལ་པོ་ཞིག་མཚོན་བཞིན་ཡོད།
རྒྱ་གཞུང་གིས་བོད་མི་ཚོས་རང་དབང་ཐོག་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་མངོན་འདོད་དེར་བརྩི་བཀུར་ཞུ་དགོས། འོན་ཀྱང་དེ་ལས་ལྡོག་སྟེ་བོད་མི་ཚོར་དྲག་གནོན་བྱས་ཚེ་རྒྱ་ནག་གཞུང་ལ་བོད་མི་ཚོས་ཁོང་ཁྲོ་དང་སྡང་ཟུག་ཆེ་རུ་འགྲོ་ངེས་ཡིན། རྔ་པ་ཀིརྟི་དགོན་པས་གཙོས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་དེ་དག་ནང་གནས་སྟངས་ཚབས་ཆེན་པོ་ཡོད་མུས་ཁར་ད་དུང་རྒྱ་མིའི་སྐོར་སྲུང་དམག་མི་ཇེ་མང་ཐོག་དམ་བསྒྲགས་ཤུགས་ཆེ་རུ་བཏང་བ་དེས་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་རྒྱུ་ཡིན། ཞི་བའི་ལམ་ནས་ངོ་རྒོལ་སྐད་འབོད་གནང་མཁན་ཚོ་འཕྲལ་མར་བཙོན་ནས་གློད་བཀྲོལ་གཏོང་དགོས། ཞེས་སོགས་འཁོད་ཡོད་པ་བཅས།།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་བོད་ནང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་པའི་གསར་འགོད་བསྒྲགས་གཏམ་སྤེལ་བ།
གསར་གནས།
འབྲེལ་གནས།