རྒྱ་རིགས་ཤེས་ཡོན་ཅན་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་ཁུར་ཆེད་ཡིག་ཆ་འགྲེམས་སྤེལ་དང། ས་རྟགས་བསྡུ་ལེན་གྱི་ལས་འགུལ་སྤེལ་བ།
༄༅། །འདི་གར་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ ༢༠༡༡ ཟླ་ ༡༠ ཚེས་ ༢༩ ཉིན་བཏང་གནས་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་མདོ་སྨད་རྔ་པ་ཁུལ་དང་། ཁམས་རྟའུ་ཉ་མཚོ་དགོན། ཁམས་དཀར་མཛེས་དགོན་བཅས་ཀྱི་ལོ་ཆུང་དགེ་བཙུན་ཚོས་འུ་ཐུག་ཐབས་ཟད་ངང་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བསྟུད་མར་ཐོན་པ་དེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་ལྟར་རྒྱ་རིགས་ཚོས་ཀྱང་དོ་སྣང་བྱས་ཏེ་བོད་མིར་རྒྱབ་སྐྱོར་གྱི་ཡིག་ཆ་འགྲེམས་སྤེལ་དང་། ས་རྟགས་བསྡུ་ལེན་གྱི་ལས་འགུལ་སྤེལ་བཞིན་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཡོད་པའི་སྤྱི་ཚོགས་དམངས་གཙོ་ཚོགས་པ་དང་། རྒྱ་ནག་དམངས་གཙོ་ཚོགས་པ། དེ་བཞིན་འཇར་མན་དུ་ཡོད་པའི་དམངས་གཙོའི་རྒྱ་ནག་འཐབ་ཕྱོགས། ཡུ་རོབ་ཁུལ་དུ་ཡོད་པའི་སོག་པོ་དང་ཡུ་གུར་བོད་རྒྱ་ལྷན་ཚོགས་བཅས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྒྱ་རིགས་ཀྱི་ཚོགས་པ་ཁག་ནས་ཟླ་བ་འདིའི་ནང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་དང་བཅས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་རྒྱ་རིགས་ཀྱི་ཚོགས་པ་ཁག་ནས་ཟླ་བ་འདིའི་ནང་བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེའི་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་དང་། ཧ་ཝ་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་ཡང་ཅན་ལི་དང་། ཀྲའོ་ཙེ་ཡང་གི་སློབ་སྟོན་པ་ཟུར་པ་སྐུ་ཞབས་ཡལ་ཅ་ཆི་སོགས་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་གིས་བོད་མིར་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་ལེན་བྱེད་པའི་ལས་འགུལ་ཞིག་སྤེལ་དང་སྤེལ་བཞིན་ཡོད། རྒྱ་རིགས་ཤེས་ཡོན་ཅན་ཚོས་འགྲེམས་སྤེལ་བྱས་པའི་བོད་མིར་རྒྱབ་སྐྱོར་གྱི་ཡི་གེ་དེ་ཚོའི་ནང་གནད་དོན་གང་ཞིག་བྲིས་ཡོད་པ་རྒྱ་ཆེའི་བོད་ཡིག་ཀློག་མཁན་གྱི་མཁྱེན་རྟོགས་ཆེད་དོན་ཚན་ ༡༡ ནང་ཕྱོགས་བསྡུས་བོད་སྒྱུར་ཞུས་ཡོད།
༡༽ བོད་ནང་གི་ལོ་ཆུང་དགེ་བཙུན་ཚོས་སྲོག་གྲོན་བཏང་ནས་རྒྱ་དམར་དབང་འཛིན་པར་ངོ་རྒོལ་བྱས་ཡོད། རྒྱ་ནག་དམར་པོའི་སྲིད་དབང་སྒེར་གཅོད་རུ་ཚོགས་ཀྱི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་བོད་མི་ཙམ་མ་ཟད། རྒྱ་རིགས་ཚོས་ཀྱང་སྐྱོན་བརྗོད་དང་ཁོང་ཁྲོ་བྱེད་ཀྱི་ཡོད།
༢༽ ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལོ་གཞོན་འདས་པོ་ཚོའི་ཆེད་དུ་མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་པ་དང་། ཟས་བཅད་སྨྱུང་གནས་སུ་ཞུགས་པའི་གནས་ཚུལ་འདིས་བོད་ས་ཡོངས་རྫོགས་ལ་གཡོ་འགུལ་བཏང་ཡོད་ལ། རྒྱ་རིགས་ཡོངས་རྫོགས་ཀྱི་སེམས་ལ་ཡང་གཡོ་འགུལ་བཏང་ཡོད་ཅིང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཟས་བཅད་སྨྱུང་གནས་ཀྱི་ལམ་ནས་གདུང་སེམས་མཉམ་སྐྱེ་མཛད་པ་འདིས་འཛམ་གླིང་ལ་ཡང་གཡོ་འགུལ་བཏང་ཡོད།
༣༽ བོད་རིགས་སྤུན་ཟླས་ཁ་ནས་སྐྱོན་བརྗོད་དང་། རྔམ་སྟོན་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་ཀྱི་ལམ་ནས་ཞི་བའི་ལས་འགུལ་སྤེལ་རྒྱུ་མཚམས་ཆད་མེད་ན་ཡང་། དེ་དག་ཚང་མ་རྒྱ་ནག་དམར་པོའི་གཞུང་གིས་ཡ་ང་སྙིང་རྗེ་མེད་པའི་དྲག་གནོན་བྱས་པར་བརྟེན། བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་ལམ་ནས་ངོ་རྒོལ་མི་བྱེད་ཀ་མེད་བྱུང་ཡོད། དེའི་ཐོག་ནས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་ཡོད་པའི་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་གཏོར་བཤིག་ཆེན་པོ་ཕོག་ཡོད་པ་གསལ་པོ་མཚོན་གྱི་ཡོད།
༤༽ ང་ཚོས་རྒྱ་ནག་དམར་པོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་འབྲེལ་རང་ལུས་རང་གིས་བསྲེགས་པའི་དོན་རྐྱེན་དེ་དག་གི་རྒྱབ་ལོག་གི་གནས་ཚུལ་ཞིབ་རྩད་དགོས་པའི་རེ་འདུན་ནན་པོ་འདོན་རྒྱུ་དང་། རྒྱ་དམར་གཞུང་གིས་བོད་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་བརྩི་བཀུར་བྱེད་དགོས་པ་དང་། བོད་རྒྱ་མི་རིགས་གཉིས་ཞི་བདེ་མཉམ་གནས་ཐུབ་པའི་མི་རིགས་ཀྱི་སྲིད་བྱུས་མིང་དོན་མཚུངས་པ་ཞིག་ལག་བསྟར་བྱེད་དགོས་པའི་རེ་འདུན་ཡང་འདོན་རྒྱུ་ཡིན།
༥༽ རྒྱ་ནག་དམར་པོའི་གཞུང་གིས་དགོན་སྡེ་གྲྭ་ཚང་ཁག་ལ་དམ་བསྒྲགས་དང་། ཆོས་བྱེད་དགེ་བཙུན་རྣམས་ལ་བསུན་གཙེར་བཟོས་སྟབས། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་ཉེས་འགྲོ་བའི་དཀའ་ངལ་ཡུན་རིང་འཕྲད་ཡོད་པ་དང་། ཐ་ན་རིག་གཞུང་དང་ཆོས་ལུགས་དང་འབྲེལ་བའི་སྤྱིར་བཏང་གི་འཚོ་བ་སྐྱེལ་རྒྱུར་ཡང་དཀའ་ངལ་འཕྲད་དེ་མི་རིགས་ཁྱོན་ཡོངས་འཇིགས་སྣང་གི་འོག་ཏུ་གནས་དགོས་ཆགས་ཡོད། དགེ་བཙུན་ཚོས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཕྲན་བུ་ཐོན་ཚེ་ཉེས་ཆད་ཕོག་པ་དང་། དགོན་སྡེ་གྲྭ་ཚང་ཁག་དམག་དོན་གྱི་དམ་བསྒྲགས་ནང་ཚུད་ཡོད། དེ་ལྟའི་ཐབས་སྡུག་གི་ཁོར་ཡུག་འོག་དགེ་བཙུན་རྣམས་འུ་ཐུག་ནས་རང་ལུས་རང་གིས་བསྲེགས་པའི་ངོ་རྒོལ་གྱི་ལམ་དུ་མི་འགྲོ་ཐབས་མེད་བྱུང་ཡོད།
༦༽ རང་ལུས་རང་གིས་བསྲེགས་པའི་དོན་རྐྱེན་ལ་ང་ཚོས་དོ་སྣང་བྱེད་བཞིན་ཡོད། རྒྱ་ནག་དམར་པོའི་སྲིད་དབང་ནི་མིས་སྐྱོང་པའི་སྲིད་དབང་ཞིག་མིན་ཞིང་། ཐ་ན་རང་དང་ཤ་ཁྲག་གཅིག་པའི་རྒྱ་རིགས་མི་དམངས་ལ་ཡང་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་བསུན་གཙེར་དང་། ཡ་ང་སྙིང་རྗེ་མེད་པའི་སྡུག་སྦྱོང་གཏོང་གི་ཡོད། དགེ་བཙུན་ནི་བོད་མི་རིགས་ཀྱི་རིག་གཞུང་སྲུང་མཁན་ཡིན་པས་ད་ལྟའི་དམིགས་བསལ་གྱི་དུས་སྐབས་འདིར་དཀའ་སྡུག་ཁྱད་བསད་དང་འགན་ཁུར་གྱི་ཐོག་ནས་རྩ་ཆེའི་ལུས་སྲོག་ལ་གཅེས་སྤྲས་གནང་རོགས་ཞེས་རེ་བ་ཆེན་པོ་བྱེད་ཀྱི་ཡོད།
༧༽ བོད་མི་རིགས་ཀྱི་རང་དབང་གི་ལས་འགུལ་དང་། རྒྱ་མི་རིགས་ཀྱི་དམངས་གཙོའི་ལས་འགུལ་གཉིས་ནི་འཐབ་ཕྱོགས་གཅིག་གྱུར་ཡིན། ཁྱེད་ཚོའི་སྡུག་བསྔལ་ནི་ང་ཚོའི་སྡུག་བསྔལ་ཡིན་ཞིང་། ཁྱེད་ཚོའི་རེ་བ་ནི་ང་ཚོའི་རེ་བ་ཡིན། བོད་མིས་རང་ལུས་སྲེག་པའི་སྐྱོ་གནས་མུ་མཐུད་མི་ཡོང་བ་དང་། རྒྱ་ནག་དམར་གཞུང་གིས་མུ་མཐུད་སྡིག་པའི་ཉེས་པ་མི་གསོག་པའི་ཆེད། ང་ཚོས་རྒྱ་ནག་དམར་པོའི་གཞུང་ལ་དྲག་རྩུབ་ཀྱི་བྱ་ཐབས་མཚམས་འཇོག་བྱས་ནས་བོད་རིགས་སྤུན་ཟླ་དང་མཉམ་དུ་གྲོས་མོལ་འགོ་འཛུགས་བྱེད་དགོས། ཞེས་བརྗོད་རྒྱུ་ཡིན།
༨༽ ལོ་ཆུང་དགེ་བཙུན་གྱི་ཚེ་སྲོག་རེ་རེ་བཞིན་ཤོར་བའི་སྐྱོ་གནས་གཅིག་རྗེས་གཉིས་མཐུད་དུ་ཐོན་ན་ཡང་། རྒྱ་དམར་དབང་འཛིན་པས་སྣང་ཆུང་དུ་བཏང་ནས་ལམ་ལུགས་དང་། སྲིད་བྱུས་ཀྱི་ཐོག་ནས་དཀའ་ངལ་གྱི་འབྱུང་རྩ་མ་བཙལ་བའི་བྱེད་སྟངས་དེར་སྐྱོན་བརྗོད་བྱ་རྒྱུ་ཡིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ནི་ཏཱ་ལའི་བླ་མའི་རྗེས་འབྲངས་པས་བཟོས་པ་རེད་ཅེས་བཤད་ཡོད། བྱས་ན་རྒྱ་ནག་ནང་རང་ལུས་མེར་སྲེག་གཏོང་བའི་དོན་རྐྱེན་མང་པོ་ཡོང་གི་ཡོད་པ་དེ་སུས་བཟོས་པ་རེད་དམ་ཞེས་འདྲི་རྒྱུ་ཡིན།
༩༽ ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མི་དམངས་ཀྱི་ཞི་བའི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་གི་ཡོད། ང་ཚོས་རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་འཛིན་བཞིན་པའི་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་དེ་དོར་ནས་བོད་མིའི་འདོད་བློ་དང་མཐུན་ཞིང་། བོད་རྒྱ་མི་རིགས་གཉིས་ཀར་ཕན་པའི་སྲིད་བྱུས་ཤིག་གཏན་འབེབས་བྱེད་དགོས་པའི་རེ་འདུན་འདོན་རྒྱུ་ཡིན།
༡༠༽ ཧ་ཝ་ཊེ་གཙུག་ལག་སློབ་གྲྭ་ཆེན་མོའི་སྐུ་ཞབས་ཡང་ཅན་ལི་ཡིས་སྣེ་འཁྲིད་འོག་རྒྱ་རིགས་ཤེས་ཡོན་ཅན་ཚོས་བོད་མིར་རྒྱབ་སྐྱོར་གྱི་ས་རྟགས་བསྡུ་ལེན་བྱེད་བཞིན་ཡོད་པ་ལྟར་དེ་རིང་བར་ས་རྟགས་འགོད་མཁན་མི་གྲངས་ ༢༠༠ མིན་ཙམ་བྱུང་ཡོད་པ་དང་། ས་རྟགས་འགོད་མཁན་དེ་དག་གི་ཁོངས་སུ་ཤེས་ཡོན་ཅན་དང་། རྩོམ་པ་པོ། ཉམས་ཞིབ་པ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོར་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཁག་གཅིག་གིས་ཀྱང་ས་རྟགས་བཀོད་འདུག ས་རྟགས་བསྡུ་ལེན་གྱི་ལས་འགུལ་སྤེལ་མཁན་སྐུ་ཞབས་ཡང་ཅན་ལི་ཡིས་དོན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། བོད་ནང་གི་ཛ་དྲག་གནས་སྟངས་ལ་དོ་སྣང་སྔར་ལས་ཆེ་བ་སླེབས་ཆེད་ས་རྟགས་བསྡུ་རུབ་ཚར་བའི་རྗེས་ལ། རྒྱབ་སྐྱོར་གྱི་ཡི་གེ་འདི་དབྱིན་ཡིག་ཏུ་སྒྱུར་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། ཡུ་རོབ་གྲོས་ཚོགས། དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ལ་འབུལ་རྒྱུ་ཡིན་ཞེས་གསུངས་འདུག ས་རྟགས་བསྡུ་ལེན་གྱི་རྒྱབ་སྐྱོར་ཡི་གེ་དེའི་ནང་དུ་ཡང་གོང་བཞིན་བོད་མིར་རྒྱབ་སྐྱོར་གནང་ཡོད་པ་དང་། བོད་མིར་སེམས་ཁུར་དང་། བོད་ལ་སེམས་ཁུར། རྒྱ་ནག་ལ་སེམས་ཁུར་བྱེད་མཁན་སྒེར་པ་དང་། ལས་ཁུངས། སྲིད་གཞུང་བཅས་ནས་བོད་ནང་གི་གནས་སྟངས་ལ་རྣམ་འགྱུར་གསལ་སྟོན་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་བོད་མིའི་གནས་སྟངས་ཡག་ཏུ་འགྲོ་ཐབས་དང་། བོད་མིར་མི་རིགས་འདྲ་མཉམ་དང་། རང་དབང་དམངས་གཙོ་ལོངས་སྤྱོད་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཞེས་འབོད་སྐུལ་ཡང་ཞུས་འདུག་པ་བཅས།།
རྒྱ་རིགས་ཤེས་ཡོན་ཅན་རྣམས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་སེམས་ཁུར་ཆེད་ཡིག་ཆ་འགྲེམས་སྤེལ་དང། ས་རྟགས་བསྡུ་ལེན་གྱི་ལས་འགུལ་སྤེལ་བ།
གསར་གནས།
འབྲེལ་གནས།