༢༠༡༡ ཟླ་ ༡༠ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་ཡི་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་དགུང་གྲངས་ ༨༠ སོན་པའི་འཁྲུངས་སྐར་ལ་ཆོས་དཔོན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་ཡོད། འོན་ཀྱང་ལྷོ་ཨ་ཕི་རི་ཀའི་ཕྱི་སྲིད་ལྷན་ཁང་ནས་མཐོང་མཆན་འབུལ་ལམ་ཞུ་རྒྱུར་ནར་འགྱངས་བྱས་སྟབས། མགོན་པོ་གང་ཉིད་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གཞུང་ཕྱོགས་ལ་མཛད་དཀའ་གཟིགས་ཏེ་མཛད་འཆར་དེ་བཞིན་ཕྱིར་བཤོལ་མཛད་ཡོད་སྐོར་ལྡི་ལི་སྐུ་ཚབ་དོན་ཁང་གིས་ཕྱི་ཚེས་ ༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ལྷོ་ཨ་ཕི་རི་ཀའི་རྒྱལ་སའི་ས་ཁུལ་མི་ནཱ་ཊོན་དུ་ཡི་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་གིས་ད་ལྟའི་ལྷོ་ཨ་ཕི་རི་ཀའི་གཞུང་འཛིན་(Africa National Congress)ཞེས་པའི་རྒྱལ་ཁབ་དེས་ང་དང་མི་མང་གི་ངོ་བོ་མཚོན་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། སྲིད་འཛིན་སྐུ་ཞབས་ཛུ་མ་(Jacob Zuma)ལགས་ཁྱེད་དང་ཁྱེད་ཀྱི་གཞུང་འདི་ང་དང་མི་མང་གི་ངོ་བོ་མཚོན་ཐུབ་ཀྱི་མི་འདུག ཁྱེད་ནས་ཁྱེད་རང་གི་ཁེ་ཕན་ལ་ལྟ་བཞིན་འདུག དེར་བརྟེན་ད་ལྟའི་གཞུང་འདི་ལས་དེ་སྔ་ང་ཚོའི་རྒྱལ་ཁབ་ཏུ་མི་རིགས་དཀར་ནག་དབྱེ་འབྱེད་སྐབས་ཀྱི་གཞུང་དེ་ཡག་པ་འདུག གང་ལ་ཞེ་ན། མི་རིགས་དབྱེ་འབྱེད་སྐབས་ཀྱི་གཞུང་དེས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་གི་ཡོད་པ་ངས་ཡིད་ཆེས་བྱེད་བཞིན་ཡོད། ང་ཚོའི་ད་ལྟའི་གཞུང་འདིས་བོད་ནང་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་མེད་པའི་རྣམ་པ་དེས་ང་དང་མི་མང་གི་ངོ་བོ་མཚོན་ཐུབ་ཀྱི་མི་འདུག སྤྱིར་བཏང་སྲིད་འཛིན་ཛུ་མ་ཁྱེད་ཀྱིས་གཞུང་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་ནའང་། ངས་ཁྱེད་རང་ལ་བརྡ་ལན་གཏོང་བཞིན་ཡོད། ཉིན་ཞིག་ཁྱེད་ཀྱིས་སྣེ་ཁྲིད་བྱེད་བཞིན་པའི་གཞུང་ལ་དཀའ་ངལ་འཕྲད་ངེས་ཡིན་ཞེས་སོགས་གསུངས་འདུག དེ་བཞིན་གསར་འགོད་པའི་དྲི་བར་ཆོས་དཔོན་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གཞུང་རང་ཉིད་ཀྱི་ཁེ་ཕན་ཁོ་ནར་ཡིན་པའི་ལན་འདེབས་གནང་ཡོད་པ་མ་ཟད། དམིགས་བསལ་ཁུལ་དེའི་མི་མང་ཆོས་དད་པ་མང་པོས་མིག་ནས་མཆི་མ་འཁྲུག་སྟེ་ལྷོ་ཨ་ཕི་རི་ཀའི་གཞུང་དེ་འདྲ་ཞིག་ཨེ་ཡིན་ནམ་ཞེས་ཁོང་ཉིད་ལ་བརྗོད་སྐོར་སོགས་ཀྱི་ལན་འདེབས་ཀྱང་གནང་འདུག དེ་བཞིན་མེས་པོ་དམ་པ་གྷན་ངྷིའི་ཚ་མོ་ཨི་ལར་གྷན་ངྷི་མཆོག་གིས་ཀྱང་ལྷོ་ཨ་ཕི་རི་ཀའི་གཞུང་ལ་བསྐྱོན་བརྗོད་གནང་བའི་ནང་འཁོད་དོན། འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་༸སྐྱབས་མགོན་ཏཱ་ལ་བླ་མ་མཆོག་ལ་གཞུང་ཞིག་ནས་ལྟ་སྤྱོད་འཛིན་སྟངས་དེ་ནི་ནོར་འཁྲུལ་རེད། གནས་སྟངས་དེའི་ཐོག་ངའི་ངོས་ནས་ལྷོ་ཨ་ཕི་རི་ཀའི་གཞུང་ཕྱོགས་ནས་ཐབས་སྡུག་གི་ལས་ཀ་ཞིག་བྱས་པར་ངོས་འཛིན་བྱེད་བཞིན་ཡོད། ཅེས་གསུངས་འདུག
ཕྱོགས་མཚུངས་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཀྱང་ལྷོ་ཨ་ཕི་རི་ཀའི་གཞུང་ཕྱོགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་འབུལ་ལམ་ཞུ་རྒྱུ་ནར་འགྱངས་བྱས་པ་དེ་ནི་རྒྱ་ནག་གཞུང་ནས་གནོན་ཤུགས་སྤྲད་ཡོད་ཚུལ་གྱི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁུལ་འདིར་ཆིབས་སྒྱུར་བསྐྱང་རྒྱུའི་མཐོང་མཆན་འབུལ་ལམ་ཞུ་རྒྱུའི་ཐོག་ལྷོ་ཨ་ཕི་རི་ཀའི་གཞུང་ཕྱོགས་ནས་ད་རེས་ཙམ་མིན་པར་དེ་སྔོན་ཡང་དེ་ལྟར་བྱས་ཡོད། གནད་དོན་དེའི་ཐད་ལྷོ་ཨ་ཕི་རི་ཀའི་གཞུང་ལ་རྒྱ་ནག་གཞུང་གི་གནོན་ཤུགས་དབང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྷོ་ཨ་ཕི་རི་ཀའི་ནང་ཆིབས་སྒྱུར་གྱི་མཛད་འཆར་ལ་འགོག་རྐྱེན་བཟོས་དང་བཟོ་མུས་ཡིན་སྐོར་ཁུལ་དེའི་མི་མང་ལ་གསལ་བཤད་ཀྱང་གནང་འདུག
ཡང་ཁུལ་དེར་རྟེན་གཞི་བྱས་པའི་ཆབ་སྲིད་ཚོགས་པ་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་ལྷོ་ཨ་ཕི་རི་ཀའི་གཞུང་ཕྱོགས་ནས་ཐེངས་འདིར་མཐོང་མཆན་འབུལ་ལམ་ཞུ་རྒྱུ་ནར་འགྱངས་བྱས་པ་མ་ཟད། མཐོང་མཆན་འབུལ་ལམ་མ་ཞུས་པའི་གནད་དོན་ཐོག་གཞུང་དེ་ཉིད་ཀྱི་རྩ་ཁྲིམས་ལག་བསྟར་བཞིན་གསལ་བཤད་དགོས་པའི་ཡོངས་ཁྱབ་ཀྱི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག་པ་བཅས། །
ཡི་ཤུ་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་གིས་ལྷོ་ཨ་ཕི་རི་ཀའི་གཞུང་ལ་བསྐྱོན་བརྗོད་གནང་བ།
གསར་གནས།
འབྲེལ་གནས།