༢༠༡༡ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ནས་ ༢༡ བར་ཉིན་གྲངས་གསུམ་རིང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་སེར་སྐྱ་མི་མང་ཡོངས་ཀྱིས་བཀའ་སྤྱི་ལྷན་རྒྱས་ཀྱི་བཀའ་འབྲེལ་ལྟར་ཛ་དྲག་གི་ལས་འགུལ་སྤེལ་ཡོད།
དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་ཆུ་ཚོད་ ༣།༣༠ ཐོག་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་ཚོགས་སྡེ་ཁག་དང། གཞིས་གྲོང་དགུའི་སྤྱི་མི། ཆོས་སྡེ་ཁག་དགུའི་ཕྱི་འགྲོའི་ཕྱག་མཛོད་བཅས་ཚོགས་འཛོམས་ཐོག་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་ས་གནས་སུ་ཉིན་གསུམ་གྱི་ལས་འགུལ་དང། ལྡི་ལིར་མི་འགྲོ་ ༣༠༠ གྲངས་ཚད་དང་འགྲོ་གྲོན་བཅས་གཏན་འབེབས་བྱས་ཡོད། དེ་ནས་ལྡི་ལིར་མི་འགྲོ་ ༣༠༠ ལ་སྣེ་འཁྲིད་གནང་མཁན་གསུམ་བདམས་ཏེ་ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡།༠༠ ཐོག་མངའ་སྡེ་གཞུང་གི་རླངས་འཁོར་ཆེ་བ་བཞི་དང་ས་གནས་འགོ་འཛིན་ལས་ཁང་གི་སློབ་ཕྲུག་འོར་འདྲེན་གྱི་རླངས་འཁོར་ཆེ་བ་གཉིས་བརྒྱུད་ཧུབ་ལིར་ཐོན་པ་དང་དེ་ནས་མེ་འཁོར་བརྒྱུད་ལྡི་ལིར་ཐོན།
ཕྱི་ཚེས་ ༡༩ ཉིན་སྔ་དྲོ་ཆུ་ཚོད་ ༦།༠༠ ནས་འགོ་འཛུགས་ཀྱིས་ཆུ་ཚོད་ ༡༢ རིང་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམ་པ་དང། གཞིས་མི་རྣམ་པ། དགེ་འདུན་པ། སློབ་ཕྲུག དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཁྱོན་མི་གྲངས་ ༨༨༢༢ ཙམ་གྱིས་བོད་ནང་གཞིས་ལུས་བོད་མི་ཚོས་འུ་ཐུག་ཐབས་ཟད་ངང་རང་སྲོག་དོར་ཏེ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་རང་ལུས་ཞུགས་མེར་བསྒྲོན་མཁན་ཚོར་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་སྨོན་ལམ་གསུང་འདོན་དང་ཟས་བཅད་ངོ་རྒོལ་བྱས་ཡོད།
ཕྱི་ཚེས་ ༢༠ དང་ ༢༡ ཉིན་མོན་གྷོ་འདོད་རྒུ་གླིང་གི་ས་གནས་བོད་མི་སྤྱི་དང་ལྷག་པར་འབྲས་སྤུངས་དང་ དགའ་ལྡན་གཙོ་བོར་གྱུར་བའི་རིས་སུ་མ་ཕྱེ་བའི་ཆོས་སྡེ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བས་བསྔོ་སྨོན་གསུང་འདོན་དང་མར་མེ་ཁྲོམ་སྐོར་གནང་ཡོད། གདུང་སེམས་མཉམ་སྐྱེའི་ལས་འགུལ་ཉིན་གསུམ་རིང་ས་གནས་བོད་མིའི་ཚོང་ཁང་དང་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་མ་ཟད། བོད་མིའི་གླ་ཆེད་རླངས་འཁོར་སོགས་ཀྱང་འགྲུལ་བཞུད་མཚམས་འཇོག་བྱས་ཏེ་གདུང་སེམས་མཉམ་སྐྱེ་ཞུས་ཡོད། གཞན་ཡང་དབྱིན་ཡིག་དང་ཀར་ན་ཊ་ཀའི་སྐད་ཡིག་ཐོག་མངའ་སྡེའི་ཚགས་ཤོག་ཁག་ ༡༥ ཙམ་གྱི་ནང་གནས་ཚུལ་སྤེལ་ཡོད་པ་མ་ཟད། བོད་སྐད་དང་དབྱིན་སྐད་དྲ་རྒྱ་དང། བརྙན་འཕྲིན། རླུང་འཕྲིན་བཅས་ཀྱི་ནང་ལས་འགུལ་དང་འབྲེལ་བའི་གནས་ཚུལ་སྤེལ་ཐུབ་པ་བྱུང་ཡོད་པ་བཅས།།
མོན་གྷོ་འདོད་རྒུ་གླིང་དུ་བཀའ་སྤྱི་ལྷན་རྒྱས་ཀྱི་བཀའ་འབྲེལ་ལྟར་ཛ་དྲག་ལས་འགུལ་སྤེལ་བ།
གསར་གནས།
འབྲེལ་གནས།