༢༠༡༡ ཟླ་ ༡༠ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༦ ཉིན་བཏང་གནས་ནང་འཁོད་དོན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྷོ་ཨ་ཕི་རི་ཀའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་དང་། ལྷོ་ཨ་ཕི་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་གཅིག་སོགས་ནས་ཞུས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་ཡོད་ཀྱང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་གར་དུ་བཅའ་སྡོད་ལྷོ་ཨ་ཕི་རི་ཀའི་གཞུང་ཚབ་ཁང་བརྒྱུད་མཐོང་མཆན་ཞུས་ཡོད་པར་ད་བར་བརྡ་ལན་གང་ཡང་མེད་སྟབས། ༸གོང་ས་མཆོག་གིས་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་རྣམས་ལ་དཀའ་ངལ་མི་འཕྲད་པའི་ཆེད་དུ་སྐབས་འདིའི་ཆིབས་སྒྱུར་ཕྱིར་བཤོལ་མཛད་ཡོད། ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་དང་མི་མང་གིས་ལྷོ་ཨ་ཕི་རི་ཀའི་གཞུང་ལ་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཐེ་ཝན་དུ་གནས་སྡོད་བོད་མིའི་ངོས་ནས་བློ་ཕམ་གྱི་རྣམ་པ་མཚོན་ཆེད། དེ་རིང་ཚེས་ ༦ སྔ་དྲོར་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་དགྲ་བཅོམ་པ་ལགས་དང་། ས་གནས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་ཆོས་འཕེལ་ལགས། བོད་དོན་ལས་འགུལ་བ་བཀྲ་ཤིས་ཚེ་རིང་ལགས་བཅས་ནས་ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚབ་ཞུས་ཏེ་ཐེ་ཝན་དུ་བཅའ་སྡོད་ལྷོ་ཨ་ཕི་རི་ཀའི་གཞུང་ཚབ་ཁང་ལ་བློ་ཕམ་གྱི་ཞུ་ཡིག་ཕུལ་བར་བསྐྱོད་པས༌གཞུང་ཚབ་ངོ་མས་ཡི་གེ་བླངས་ཡོད། ཞུ་ཡིག་གི་ནང་དོན་གཙོ་བོ་ནི། ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་དེ་ནི་ལོ་རྒྱུས་ཐོག་བཙན་འཛུལ་དང་། མི་རིགས་དབྱེ་འབྱེད། མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་མྱོང་བའི་རླབས་ཆེན་དང་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡིན་པ་མ་ཟད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་གང་ཟག་ཀྱང་གང་མང་ཡོད། དེ་དེ་བཞིན་དུ་བོད་མི་རིགས་ཀྱང་བཙན་འཛུལ་དང་། མི་རིགས་དབྱེ་འབྱེད། མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་བམ་མི་རིགས་ཤིག་ཡིན་ལ། ༸གོང་ས་མཆོག་ཀྱང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་པ་མ་ཟད། རྒྱུན་དུ་འགྲོ་བ་མིའི་རྒྱུད་ལ་བཟང་སྤྱོད་གོང་མཐོར་སྤེལ་ཐབས་དང་། ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་མཁན་ཞིག་ཡིན་ལ། མགོན་པོ་གང་ཉིད་མཆོག་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང་། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་ཡིན་པས། ད་རེས་ལྷོ་ཨ་ཕི་རི་ཀའི་གཞུང་གིས་ཕྱིའི་གནོན་ཤུགས་ལ་མགོ་བོ་སྒུར་བའི་བྱེད་སྟངས་ལ་བོད་མི་རྣམས་བློ་ཕམ་བྱུང་བ་སོགས་གསལ་འདུག་པ་བཅས།།
ཐེ་ཝན་དུ་གནས་སྡོད་བོད་མིས་ཐེ་ཝན་དུ་བཅའ་སྡོད་ལྷོ་ཨ་ཕི་རི་ཀའི་གཞུང་ཚབ་ལ་བློ་ཕམ་གྱི་ཞུ་སྙན་ཕུལ་བ།
གསར་གནས།
འབྲེལ་གནས།