༢༠༡༡ ཟླ་ ༡༠ ཚེས་ ༢༩ རེས་གཟའ་སྤེན་པ།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༣༡ ནས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༡༠ བར་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀའ་དྲིན་སྩལ་གཏན་འཁེལ་བ་དང་བསྟུན། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་རྣམས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པ་དང་། རིས་མེད་གདན་ས་ཆོས་སྒར་ཁག་སོགས་འཛམ་གླིང་ས་ཕྱོགས་གང་ས་ནས་འཕགས་ཚོགས་དགེ་འདུན་གྱི་སྡེ་རྣམས་གནས་ཁྱད་པར་ཅན་ལ་དུས་གཅིག་ཏུ་འདུས་པའི་སྐལ་བཟང་གི་དུས་སྐབས་དེར། སྤྱིར་འཛམ་གླིང་ཞི་བདེའི་དཔལ་ལ་འབྱོར་བ། ཡང་སྒོས་བོད་མིའི་བདེན་མཐའ་མྱུར་དུ་གསལ་བ། ༸རྒྱལ་བསྟན་མི་ནུབ་ཡུན་དུ་གནས་པ། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས། བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་༸ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་གྱིས་འགྲུབ་པ། ཉེ་འཆར་རྒྱ་གར་བྱང་ཤར་ཁུལ་དང་། ཉི་ཧོང་། ཊཱར་ཀི་སོགས་སུ་ས་ཡོམ་དང་། ཐེ་ལེནྜ་དང་། ཨི་ཊཱ་ལི། པ་ཀི་སི་ཐཱན། ན་ཡེ་ཇེ་རི་ཡ་སོགས་སུ་ཆུ་ལོག་བྱུང་བ་སོགས། འཛམ་གླིང་འདིར་འབྱུང་བའི་གོད་ཆག་འོག་འཆི་རྐྱེན་དང་དཀའ་ངལ་མྱོང་བཞིན་པའི་འགྲོ་བ་སྤྱི་དང་། བྱེ་བྲག་གངས་ཅན་ལྗོངས་སུ་འབྱུང་བའི་གནོད་རྐྱེན་དང་། ལྷག་པར་ཕྱི་ལོ་ ༡༩༥༠ ནས་ད་བར་རྒྱ་དམར་སྲིད་དབང་གི་བཙན་གནོན་མནར་གཅོད་འོག་རྐྱེན་འདས་སུ་གྱུར་བའི་དཔའ་བོ་དཔའ་མོ་རྣམས་དང་། དེ་མིན་སྡུག་སྦྱོང་ཚད་མེད་མྱངས་དང་མྱོང་བཞིན་པ་ཀུན་གྱི་ཚེ་རབས་ཕྲེང་བར་བྱས་ཤིང་བསགས་པའི་སྡིག་ལྟུང་ཐམས་ཅད་བྱང་ཞིང་དག་སྟེ། དལ་འབྱོར་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་གི་གོ་འཕང་ཐོབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་བདེའི་དཔལ་ལ་སྤྱོད་ཐུབ་པ་སོགས་ཀྱི་ཆེད་དུ། གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཐུགས་སྣང་གཞེན་བསྐུལ་ཡང་བྱུང་དོན་བཞིན། རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་གྱི་རྟེན་གཙོ་ཐུབ་པའི་དབང་པོའི་སྐུ་བརྙན་ལ་ཞལ་གསེར་དང་ན་བཟའ་སྒྲོན་འབུལ་ཐོག རིས་མེད་འཕགས་ཚོགས་འདུས་པ་རྒྱ་མཚོར་བསྙེན་བཀུར་མཆོད་འབུལ་རྒྱས་པ་ཞིག་ཞུ་རྒྱུ་ལགས་ན། བོད་སྤྱི་མཐུན་གྱི་བསོད་ནམས་གསོག་པའི་དམིགས་ཡུལ་དང་བཅས་བོད་མི་རེ་རེ་ནས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དངུལ་སྒོར་གཅིག་རྒྱས་བཅད་དང་། ཕྱོགས་མཚུངས་བློས་བཅད་ཞལ་འདེབས་ཀྱང་གནང་སྐྱོང་ཡོང་བའི་དགེ་སྐུལ་ཞུ་རྒྱུ་དང་། ཞལ་འདེབས་རྣམས་སོ་སོའི་གནས་ཡུལ་ས་གནས་འགོ་འཛིན་ལས་ཁུངས་དང་། འབྲེལ་ཡོད་སྐུ་ཚབ་དོན་གཅོད་ཁང་བརྒྱུད་ ༢༠༡༡ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་འདི་ལས་སུ་གནང་འབྱོར་ཐུབ་པ་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༨ ལ།།
ཆོས་རིག་ལས་ཁུངས་ཀྱི་གསལ་བསྒྲགས།
གསར་གནས།
འབྲེལ་གནས།