༢༠༡༡ ཟླ་ ༡༠ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡི་ཤུའི་བླ་ཆེན་ཊུ་ཊུ་མཆོག་དགུང་གྲངས་ ༨༠ ཁོར་བའི་སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་མཛད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་གིས་དྲྭ་བརྙན་བརྒྱུད་སྩལ་བའི་འཁྲུངས་སྐར་གྱི་འཚམས་འདྲི་མཛད་དོན། གུས་ཤིང་བརྩེ་བའི་ཆོས་གྲོགས་བགྲེས་པ་ནོ་བེལ་ཞི་བདེའི་དད་དཔོན་ཨར་ཆི་བི་ཤོབ་ཊུ་ཊུ་མཆོག སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྗེས་ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་གྱི་མི་སྣ་ལྷན་འཛོམས་ཐེངས་འགའ་ཤས་བྱུང་སྐབས་སྐུ་ཉིད་ཕེབས་ཐུབ་མེད་པར་བརྟེན་ལྷན་འཛོམས་དེ་དག་སྐབས་གང་ཟག་ཁྱད་པར་བ་ཞིག་ཕེབས་མེད་པའི་འཚོར་སྣང་དང་ཕྱོགས་གཞན་ཞིག་ནས་བརྗོད་ན། ངོས་ཀྱི་ཆོས་གྲོགས་བསྟན་བཤིག་ཚ་པོ་དེ་མི་འདུག་སྙམ་པ་ངོས་ལ་རྟག་ཏུ་ཚོར་ཤུགས་ཆེན་པོ་བྱུང། ཐེངས་འདིར་གོ་སྐབས་ཤིག་ཡོད་སྟབས་ངོས་རང་སྐུ་ཉིད་དང་དངོས་སུ་མཇལ་འདོད་ཧ་ཅང་ཆེན་པོ་བྱུང་ཡང། ངོས་ཀྱིས་ཁར་ཉིན་བར་སྐུ་ཉིད་མཇལ་རྒྱུར་རེ་སྒུག་བྱས་པ་ཡིན་ཡང། ད་ཆ་གཞི་ནས་མཐོང་མཆན་རག་རྒྱུ་མེད་པའི་རྟགས་མཚན་གསལ་པོ་ཐོན་བྱུང། ལྡི་ལིར་བཅའ་སྡོད་ངོས་ཀྱི་སྐུ་ཚབ་ནས་ཨ་ཕི་རི་ཀའི་གཞུང་ཚབ་ཁང་དུ་བཅར་ཡོད་ཀྱང། སྐབས་མཚམས་བར་བརྡ་ལན་གང་ཡང་གནང་མེད་སྟབས། སྐུ་ཉིད་ཀྱི་སྲིད་གཞུང་ལ་མཛད་དཀའ་ཞིག་ཡོད་པའི་རྟགས་མཚན་གསལ་པོ་ཞིག་མཐོང་བྱུང་བར་བརྟེན་ངོས་ཀྱིས་ཕྱོགས་བསྐྱོད་ཕྱིར་འཐེན་ཞུས་པ་ཡིན། ངོས་རང་བློ་ཕམ་ཧ་ཅང་ཆེན་པོ་བྱུང། ཐེངས་འདིར་ངོས་ཀྱི་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་དང་མཇལ་རྒྱུའི་རེ་བ་ཧ་ཅང་བྱུང། ཁོང་ནི་ད་ཆ་དགུང་གྲངས་མཐོན་པོར་སོན་པར་བརྟེན་མ་འོངས་པར་ཁོང་དང་མཇལ་ཐུབ་ཨེ་ཡོང་བསམ་ངོས་ལ་ཐེ་ཚོམ་ཡོང་བཞིན་འདུག
ངོས་ཀྱི་ཆོས་གྲོགས་མཆོག་ཊུ་ཊུ་སྐུ་ཉིད་ད་ཆ་དགུངས་གྲངས་ ༨༠ སོན་ཡང་ལྷག་པའི་བསམ་པའི་ཀུན་ནས་བླངས་ཏེ་ཆོད་སེམས་བརྟན་པོས་རྟག་ཏུ་བྱམས་བརྩེ་དང་འཚེ་མེད་ཞི་བའི་བསླབ་བྱ་འཛམ་གླིང་ནང་གོང་འཕེལ་གཏོང་ཐབས་མཛད་བཞིན་ཡོད། དེར་བརྟེན་སྐུ་ཉིད་ནི་དཀོན་མཆོག་དཔང་འཕེར་ཐུབ་པའི་གང་ཟག་ཞིག་ཡིན་པ་དང། ངོས་ནས་ཀྱང་སྐུ་ཉིད་སྐུ་ཚེ་བརྟན་པའི་རེ་སྨོན་དང་སླར་ཡང་མཇལ་རྒྱུའི་གོ་སྐབས་ཤིག་ཡོང་རྒྱུའི་རེ་བ་ཞུ་བཞིན་ཡོད། དེ་རིང་སྐུ་ཉིད་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་ངོས་ཀྱིས་ལག་ཏུ་མཇལ་དར་ཐོགས་ཏེ་ལག་གཉིས་ཐལ་མོ་སྦྱོར་བཞིན་པའི་ངང་ནས་འཁྲུངས་སྐར་སྤྲོ་པོ་ཡོང་བའི་འཚམས་འདྲི་ཞུ་རྒྱུ་མ་ཟད། མཇལ་དར་འདི་སྐུ་ཉིད་ལ་དངོས་སུ་འབུལ་ཐུབ་ཐབས་བྱ་རྒྱུ་ཡིན།
དེང་སྐབས་སྟབས་མ་ལེགས་པ་ཞིག་ལ་འཇིག་རྟེན་འདིའི་ནང་སྐུ་ཉིད་ལྟ་བུ་གཞན་ལ་རེ་བ་སྦྱིན་ཐུབ་མཁན་གྱི་གང་ཟག་ཁྱད་པར་བ་ཧ་ཅང་དཀོན་པོ་ཡིན། ངོས་ཀྱིས་རྒྱུན་དུ་ང་ཚོའི་མི་རབས་འདི་ནི་དུས་རབས་ ༢༠ པའི་མི་རབས་ཡིན་པ་བརྗོད་བཞིན་ཡོད། ང་ཚོའི་མི་ཐོག་གི་དུས་རབས་དེ་ད་ཆ་རྫོགས་བཞིན་པར་བརྟེན་ང་ཚོས་འཐོན་ཕྱག་ཞུ་རྒྱུའི་དུས་མཚམས་ལ་སླེབས་ཡོད། དེ་ལྟར་ནའང་སྐུ་ཉིད་ལྟ་བུས་དུས་རབས་ ༢༡ འདི་བཞིན་ཞི་བདེ་དང་འཚེ་བ་མེད་པ། གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་ཐུབ་རྒྱུར་ཞབས་འདེགས་མི་དམན་པ་ཞིག་བསྒྲུབ་ཐུབ་ངེས་ཡིན་པ་ངོས་ལ་ཡི་ཆེས་ཡོད། དེར་བརྟེན་སྐུ་ཉིད་ཀྱིས་རང་ཉིད་ཀྱིས་འདས་པའི་ཉམས་མྱོང་གང་བསགས་པ་དེར་གཞི་བཅོལ་ཏེ་འགྲོ་བ་མིའི་རིགས་ལ་ཡང་དག་པའི་ལམ་སྟོན་བསྡོམ་པར་མཛད་མཁན་གྱི་མི་སྣ་ཧ་ཅང་གལ་ཆེན་ཞིག་ཆགས་ཡོད། སྐུ་ཉིད་ཀྱི་གཟུགས་གཞིའི་འཕྲོད་བསྟེན་ལ་ཐུགས་བཅགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་མ་ཟད། ངོས་ནས་ཀྱང་སྐུ་ཉིད་ཚེ་རིང་ནད་མེད་ཐོག་མཛད་འཕྲིན་ཡར་ངོ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་མདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་འཚམས་འདྲིའི་བཀའ་སློབ་སྩ།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་དྲ་ལམ་གྱི་བརྙན་འཕྲིན་བརྒྱུད་ཆོས་དཔོན་མཆོག་དང་ཞི་བདེ་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་ལྷུག་པོ་མཛད་ཡོད། སྐབས་དེར་ཆོས་དཔོན་མཆོག་གིས་རྒྱ་ནག་གཞུང་ནས་མགོན་པོ་གང་ཉིད་མཆོག་ལ་ཞེད་སྣང་བྱེད་དགོས་དོན་གང་ཡིན་བཀའ་དྲི་ཞུས་པར་༸གོང་ས་མཆོག་གིས། རྒྱ་ནག་དམར་པོའི་གཞུང་འཛིན་ནང་འཁྱོག་བཤད་བྱ་རྒྱུ་དེ་དུས་རྒྱུན་གྱི་བྱེད་སྒོ་ཞིག་ཆགས་ཡོད། ངོས་ཀྱིས་དྲང་བདེན་དང་དྲང་ཤག་བྱེད་བཞིན་ཡོད། རྒྱ་ནག་མི་མང་ལ་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་པའི་རང་དབང་ཡོད། དེ་བཞིན་གནས་ཚུལ་བཀག་འགོག་བྱས་པ་ནི་བཟང་སྤྱོད་ལས་འགལ་བ་ཞིག་ཡིན། ཞེས་བཀའ་ལན་སྩལ་ཡོད།
ཡང་༸གོང་ས་མཆོག་གིས་དྲ་ལམ་བརྙན་འཕྲིན་བརྒྱུད་ལྷོ་ཨ་ཕི་རི་ཀའི་མི་མང་ལ་བཀའ་སློབ་སྩལ་དོན། སྤྱིར་བཏང་ངོས་ཀྱིས་རྣམ་ཀུན་ནས་འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས་སྐོར་ལ་ཤོད་བཞིན་ཡོད། འགྲོ་བ་མིའི་བཟང་སྤྱོད་ཅེས་པ་གཙོ་བོ་ནི་སེམས་བཟང་པོ་དང་བྱམས་སྙིང་རྗེ་བྱ་རྒྱུ་དེ་རེད། དེ་ཡང་སོ་སོ་མི་སྒེར་གྱི་བདེ་སྐྱིད་དང་ནང་མི། དེ་བཞིན་ཁྱིམ་ཚང་གཅིག་གི་བདེ་སྐྱིད་ཡིན་ནའང་འདྲ། རྒྱ་ཆེ་ས་ནས་འཛམ་གླིང་སྤྱིའི་བདེ་སྐྱིད་ཡོང་བར་བྱམས་སྙིང་རྗེ་དང་སེམས་བཟང་པོའི་བྱ་སྤྱོད་བརྒྱུད་འགྲོ་བ་གཞན་ལ་སེམས་ཚོར་ལྡན་པ་བྱེད་ཐུབ་ན། དངོས་གནས་ང་ཚོའི་འཛམ་གླིང་འདི་བཞིན་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་གནས་ཡུལ་ཞིག་བཟོ་ཐུབ་རྒྱུ་དེ་ངོས་ཀྱིས་རྒྱུན་ལྡན་གྱི་རེ་སྨོན་དང་ད་རེས་ཀྱི་བརྡ་ལན་ཡང་ཡིན། གང་ལྟར་ངོས་རང་ཕྱིའི་ལུས་པོའི་ངོས་ནས་ཁུལ་དེར་སླེབས་མིན་ལ་མ་ལྟོས་པར་གནད་དོན་དེའི་ཐོག་ཁྱེད་རྣམས་ནས་ཐུགས་བསམ་བཞེས་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད། དེ་བཞིན་ཁུལ་དེར་བདག་ཉིད་ཆེན་པོ་གྷན་ངྷིའི་ཐེབས་རྩ་ནས་ཀྱང་ངོས་ལ་ཞི་བདེའི་གཟེངས་རྟགས་ཤིག་གནང་འཆར་འདུག ངོས་རང་རྒྱུན་དུ་གྷན་ངྷི་མཆོག་གི་འཚེ་མེད་ཞི་བའི་རྗེས་འཇུག་པ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། བདག་ཉིད་ཆེན་པོ་གྷན་ངྷི་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་འཚེ་མེད་ཞི་བའི་བྱ་སྤྱོད་དེ་བཞིན་སྐབས་བབ་ཀྱི་འཛམ་གླིང་ཐོག་ཤིན་ཏུ་ནས་དགོས་གལ་ཆེ་བ་ཞིག་མཐོང་གི་འདུག དེར་བརྟེན་གྷན་ངྷི་མཆོག་གི་དགོངས་གཞི་རྗེས་དྲན་ཆེད་ཁོང་གི་སྐུ་པར་གཅིག་པུ་ཉར་ཚགས་མ་བྱས་པར་དོན་ངོ་མ་སོ་སོ་རང་ཉིད་ཀྱི་བྱེད་སྒོའི་ནང་འཚེ་མེད་ཞི་བའི་ལྟ་སྤྱོད་ལག་ལེན་བསྟར་དགོས་པ་དེ་ཁོང་ལ་རྗེས་དྲན་ཞུ་རྒྱུའི་ཐབས་ལམ་གལ་ཆེ་ཤོས་དེ་ཡིན་ཞེས་བཀའ་སློབ་སྩལ་ཡོད་པ་བཅས།།
གསུང་འཕྲིན་ངོ་མ་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།