༢༠༡༡ ཟླ་ ༩ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ རེས་གཟའ་ལྷག་པའི་ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ནས་བོད་མི་ཚོས་རང་གི་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་དང་ཆོས་ཉམས་ལེན་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་འཁོད་དོན། ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བ་དེ་ནི་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་དང་རིག་གཞུང་ལ་རྩིས་མེད་རྡོག་རོལ་གྱི་དམ་བསྒྲགས་སྲིད་བྱུས་འཛིན་བཞིན་པ་དེར་ངོ་རྒོལ་བྱས་པ་ཞིག་ཡིན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་སྲིད་གཞུང་ལ་དམ་བསྒྲགས་ཀྱི་སྲིད་བྱུས་དེ་དག་འཕྲལ་དུ་མཚམས་འཇོགས་དགོས་པ་དང། བོད་མི་ཚོའི་ཆོས་དད་རང་དབང་སྲུང་སྐྱོབ་ཐོག་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལ་རྩིས་འཇོག་བྱེད་དགོས་པའི་རེ་འདུན་ཤུགས་ཆེ་འདོན་རྒྱུ་ཡིན། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པ་དང་དཀར་མཛེས་ཁུལ་གྱི་ཉ་མཚོ་དགོན་པའི་དགེ་འདུན་པ་ཚོས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་དེ་དག་བྱུང་འཕྲལ་རྒྱ་ནག་གཞུང་གིས་དགོན་པ་དེ་དག་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་ཡོད།
དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་དགོས་བྱུང་བ་དེ་ཡང་འདི་ལོ་ཕྱི་ཟླ་ ༣ ནང་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གཞུང་གིས་དགོན་པའི་ནང་དམ་བསྒྲགས་ཧ་ཅང་ཆེ་རུ་བཏང་བའི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་ནས་ཡིན་འདུག་ཅེས་འཁོད་ཡོད་པ་མ་ཟད། འདི་ལོ་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྒྱ་ནག་གཞུང་གིས་དགོན་པ་དེར་དམ་བསྒྲགས་ཀྱི་སྲིད་བྱུས་ཇི་འདྲ་འཛིན་པའི་སྐོར་འཁོད་དོན།
འདི་ལོ་ཕྱི་ཟླ་ ༣ ནང་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་རྔམ་སྟོན་བྱས་ཡོད། ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ཙམ་འཛིན་བཟུང་བྱས་པས་གཙོས་མང་ཚོགས་མཉམ་སྡེབ་འཛིན་བཟུང་བྱས་པ། གར་སོང་ཆ་མེད་དུ་གྱུར་བ། དེ་བཞིན་རང་ལོ་ ༢༤ སོན་པའི་བོད་མི་ཆོས་འཕེལ་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་ཉེས་རྡུང་བཏང་སྟེ་སྨན་ཁང་ནང་འདས་གྲོངས་སུ་གྱུར་ཡོད་པ་དང། ཁོང་གིས་རྔ་པའི་ཉེན་རྟོག་ལས་ཁུངས་མདུན་དུ་བོད་མི་ཚོར་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་སྐད་འབོད་གནང་ཡོད། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ཙམ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཁོངས་བྱིས་པ་མང་དག་ཅིག་ཡོད་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཆེད་བཙན་འཁྲིད་བྱས་ཡོད། སློབ་གསོའི་ལས་འགུལ་དེའི་ཁོངས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རྒྱུ་དང། རྒྱ་ནག་གཞུང་གིས་བཀོད་སྒྲིག་བྱས་པའི་བོད་ཀྱི་བྱུང་རབས་ལོ་རྒྱུས་སློབ་ཁྲིད་དང་ཁས་ལེན་བྱེད་དགོས་སྐོར་སོགས་འཁོད་ཡོད་པ་བཅས།།
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གཞུང་ལ་རེ་འདུན་བཏོན་པ།
གསར་གནས།
འབྲེལ་གནས།