༢༠༡༡ ཟླ་ ༩ ཚེས་ ༦ རེས་གཟའ་མིག་དམར།
༄༅། །འདི་གར་མངའ་རིས་གྲྭ་ཚང་ཕྱག་ཁང་ནས་བཏང་གནས་ནང་འཁོད་དོན། བོད་གངས་ལྗོངས་ལྷ་སའི་ལྷོ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་མངའ་དྭགས་རྒྱལ་གསུམ་ཞེས་གྲགས་པའི་ཡ་གྱལ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་དེ་ཉིད། དཔལ་ལྡན་རང་གཞུང་དང། གཙོ་ཆེ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་ཀུ་ལུ་མ་ན་ལི་ས་ཁུལ་དུ་ཉམས་པ་སླར་གསོ་བྱུང་ཞིང། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གིས་མཁས་མང་ངང་པ་འདུ་བའི་མཚོ་ཆེན་ཞེས་བསྔགས་བརྗོད་མཛད་པའི་དགོན་སྡེ་དེ་ཉིད་ཀྱི་མཚན་ལ། དཔལ་ལྡན་འོན་མངའ་རིས་གྲྭ་ཚང་ཞེས་ཡོངས་སུ་གྲགས། དགོན་པ་དེ་ནི། འཕགས་མཆོག་སྤྱན་རས་གཟིགས་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཕྱག་བཏབ་པ་མ་ཟད། ཕྱི་ལོ་ ༡༥༠༩ ལོར་ཆོས་འཁོར་རྒྱལ་དགའ་ཚལ་སྒྲོག་པའི་གླིང་ཡང་ཕྱག་བཏབ་ཡོད། ༸གོང་ས་སྐུ་ཕྲེང་གཉིས་པ་མཆོག་གིས་ཕྱི་ལོ་ ༡༥༢༤ ལོར་ཆོས་འཁོར་རྒྱལ་གྱི་རྟེན་གཙོ་རྗེ་བཙུན་བྱམས་མགོན་གསར་བཞེངས་སྐབས་སྐྱེ་རྒུ་བསོད་ནམས་གསོག་ཆེད་དུ་ཕྱོགས་མཚམས་སུ་འབུལ་བསྡུས་སུ་གཏོང་གནང་མཛད། མངའ་རིས་སུ་གྲྭ་ཤེས་རབ་བཟང་པོས་མངའ་རིས་གུ་གེ་ཆོས་རྒྱལ་འཇིག་རྟེན་དབང་ཕྱུག་པད་དཀར་སྡེ་དང། བློན་པོ་རྣམ་གཉིས་ལ་སྙན་སེང་ཞུས་འཕྲལ་རྒྱལ་བློན་གཉིས་ནས་ཐུགས་འཁུར་རྒྱ་ཆེར་བཞེས་ཏེ་རིན་པོ་ཆེའི་སྣ་དགུའི་ཐོག་དྲངས་འབུལ་བ་གྱ་ནོམ་པ་དང་། ལྷག་པར་དུ་གྲྭ་རྒྱུན་གྱི་ཆེད་མངའ་རིས་ཕྱོགས་ནས་གཞོན་ནུ་བློ་གསལ་ངང་པའི་ཁྱུ་
མཆོག་ལྔ་བཅུ་ལྷག་ཙམ་དང་། ཞུ་ཡིག་དང་བཅས་འབུལ་བ་རྣམས་རྗེ་དགེ་འདུན་རྒྱ་མཚོའི་ཕྱག་ཏུ་སོན། གཞོན་ནུ་དེ་དག་ལ་གཞི་བྱས་ཏེ་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་ཕྱག་བཏབ་མཛད་ཅིང་མཚན་ཡང་དེ་ལྟར་ཆགས། གྲྭ་རྒྱུན་ཕྱོགས་མཐའ་ནས་རིམ་གྱིས་འདུས་ཏེ། ཁང་ཚན་དྲུག་དང་། མི་ཚན་གཅིག་བཅས་གྲྭ་གྲངས་ཡང་བཞི་བརྒྱ་ལྷག་བྱུང་བར་༸རྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕ་ཡིས་བུ་ལ་གཅེས་པ་ལྟར་ཆོས་དང་ཟང་ཟིང་གི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་འཆད་ཉན། འདོན་རྟ་དབྱངས། སྒྲིག་ལམ་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་ལ་སློབ་སྟོན་དཔྱིས་ཕྱིན་པ་མཛད། ༸རྒྱལ་བ་དགེ་འདུན་རྒྱ་མཚོ་མཆོག་དགུང་གྲངས་ ༦༦ སོན་སྐབས་རྗེའི་དངོས་སློབ་མཁས་གྲུབ་བསྟན་པ་དར་བཟང་མཆོག་གྲྭ་ཚང་དེ་ཉིད་ཀྱི་འཆད་ཉན་གྱི་སློབ་དཔོན་དུ་བསྐོ་གཞག་གནང་། དེ་ནས་༸གོང་ས་ལྔ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༦༤༢ ལོར་བོད་ཆོས་སྲིད་གཉིས་ཀྱི་སྐུ་དབང་བཞེས་འཕྲལ་དགོན་སྡེ་སྔར་ཡོད་ཉམས་པ་སོར་ཆུད་དང། སྔོན་མེད་གསར་གཏོད་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པའི་ཁྱབ་ཁོངས་སུ་སྔོན་གྱི་ལུང་བསྟན་དུས་ལ་བབས་ཏེ། དེ་ཡང་བཀའ་གདམས་གླེགས་བམ་ལས། ཐང་ཆེན་པོའི་དཀྱིལ་ན་རི་ཆུང་ཉལ། །མཚོ་ཆེན་པོའི་ནང་གི་ཉ་མོ་འདྲ། །མི་ཁྱོད་ཀྱི་སྤྱན་ལྔ་འཕེལ་བའི་རྟགས། །ཞེས་ལུང་བསྟན་པ་ལྟར། ༸རྒྱལ་དབང་ལྔ་པ་ཆེན་པོ་མཆོག་དགུང་གྲངས་ ༣༥ ཕྱི་ལོ་ ༡༦༥༡ ལོར་གྲྭ་ཚང་འདི་ཉིད་འོན་གྱི་མདར་གནས་སྤོས་མཛད་དེ། དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་གནས་རི་རི་ཆུང་དེའི་སྟེང་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ཀྱིས་དབུ་འབྱེད་མཛད་སྒོ་དང་། ཆོས་གཞི་བཙུགས་པ་སོགས་ཐུགས་རྗེས་གཟིགས་སྐྱོང་བླ་མེད་དུ་མཛད། མདོར་ན་གྲྭ་ཚང་འདི་ཉིད་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པ་ནས་བཟུང་ཕྱི་ལོ་ ༡༩༥༩ བར་ཆོས་འཆད་ཉན་དང། བསླབ་པ་སློབ་གཉེར། སྒྲིག་ལམ་ཀུན་སྤྱོད། འདོན་རྟ་དབྱངས་སོགས་ཉམས་པ་མེད་པའི་ཐོག་དགའ་ལྡན་ཁྲི་རབས་བཞི་བཅུ་པ་ཁྲི་ཆེན་དཔལ་ལྡན་རྒྱལ་མཚན་མཆོག་དང་། གཞན་ཡང་རྗེའི་རྣམ་ཐར་པདྨ་དཀར་པོ་མཛད་མཁན་འཇམ་དབྱངས་མཚན་ཅན། རྗེ་དྲུང་རིན་པོ་ཆེ་དཔལ་བཟང་པོ་མཆོག འོན་རྒྱལ་སྲས་རིན་པོ་ཆེ་སྐུ་གོང་མ། མཁན་ཆེན་བློ་བཟང་འཇིགས་མེད་དཔལ་བཟང་པོ་མཆོག མཁན་ཆེན་རྡོ་རྗེ་འཆང་བློ་བཟང་འབྱོར་ལྡན་དཔལ་བཟང་པོ་མཆོག་སོགས་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་པའི་མཁས་གྲུབ་དུ་མ་བྱུང་སྟེ། ༸རྒྱལ་བསྟན་རིན་པོ་ཆེ་སྲིད་རྩེར་སྒྲེང་བཞིན་པའི་མུར། བོད་གངས་ཅན་ཡོངས་ལ་སྔ་ན་མ་གྲགས་པའི་གོད་ཆག་བྱུང་སྐབས་དགོན་པ་འདི་ཡང་རིག་གནས་གསར་བརྗེའི་དུས་རྩ་བརླག་ཏུ་གྱུར། ཕྱིས་སུ་ཆོས་དད་རང་དབང་གི་མཚན་སྙན་བྱུང་ཡང་རྐྱེན་དབང་གིས་གྲྭ་ཚང་འདི་ཉིད་རྒྱ་གཞུང་ནས་ཉམས་པ་སླར་གསོའི་ཁོངས་སུ་མ་ཚུད། འོན་ཀྱང་མངའ་རིས་མཁན་སྤྲུལ་ཐུབ་བསྟན་བློ་བཟང་མཆོག་གི་གཙོས་གྲྭ་ལྷག་ལུས་རྣམས་ཀྱིས་ཐུགས་འཁུར་བཞེས་ཏེ་གྲྭ་ཚང་གི་རི་ཁྲོད་བཀྲ་ཤིས་དོ་ཁ་ཉམས་གསོ་བྱས་ཏེ་ཆོས་འཆད་ཉན་སོགས་རང་ནུས་གང་ཅིའི་ངོས་ནས་གྲྭ་ཚང་གི་མཚན་ཉམས་པ་མེད་པ་ད་ལྟའི་བར་དུ་གནས།
རྒྱ་གར་འཕགས་པའི་ཡུལ་དུ་ནི། འབྲས་སྤུངས་སྒོ་མང་ཧར་གདོང་མཁན་ཟུར་རིན་པོ་ཆེ་བློ་བཟང་བསམ་གཏན་མཆོག་གིས་ཐུགས་འཁུར་རྒྱ་ཆེར་བཞེས་ཏེ་རང་དགོན་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་འདི་ཉིད་ཉམས་པ་སླར་གསོ་ཡོང་ཐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་གསོལ་འདེབས་ཞུས་པ་བཞིན་༸གོང་ས་མཆོག་གིས་ཀྱང་གནས་སྐབས་དགོན་པ་གསར་རྒྱག་མི་དགོས་པར་དགོངས་བཞེས་བཀའ་སྩལ་ཕེབས་པ་བཞིན། མངའ་རིས་གྲྭ་ཚང་འདི་ཉིད་གཞུང་དགོན་ཡིན་པར་བརྟེན། དཔལ་ལྡན་རང་གཞུང་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་རྣམ་གཉིས་ཀྱིས་དགོངས་པ་ཟབ་བཞེས་ཐོག་དགའ་ལྡན་ཁྲི་རབས་དང་གདན་ས་གྲྭ་ཚང་སོགས་ནས་རིམ་བཞིན་འཛིན་སྐྱོང་གནང་བའི་ཀུ་ལུ་མ་ན་ལི་དགེ་ལུགས་དགོན་པ་དགའ་ལྡན་ཐེག་མཆོག་གླིང་འདི་ཉིད་ཐོག་ལ་བཀའ་ཡིག་རིམ་པས་གནང་སྟེ། དེ་བཞིན་གདན་སའི་མཁན་རིན་པོ་ཆེ་རྣམ་པས་ཀྱང་དགོན་པ་འདི་ཉིད་ཆ་ལག་དང་བཅས་པ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༢ པའི་ནང་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགའ་ལྡན་ཆོས་སྒར་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་སྐབས་མགོན་པོ་གང་ཉིད་མཆོག་གིས་མ་འོངས་མངོན་གཟིགས་ཀྱིས་དགོས་པ་རྒྱུ་མཚན་དུ་མར་གཟིགས་ཏེ། ཀུ་ལུ་མ་ན་ལི་དགེ་ལུགས་དགོན་པ་དགའ་ལྡན་ཐེག་མཆོག་གླིང་དེ་ཉིད་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་ཉམས་པ་སླར་གསོའི་ཆེད་དུ་ཐུགས་དགྱེས་པ་ཆེན་པོའི་ངང་གོང་ཟླའི་ཚེས་ ༦ ཉིན་གསོལ་རས་སྩལ་བ་ནི་བསྐལ་པའི་བར་དུ་གཞལ་དུ་མེད་པའི་བཀའ་དྲིན་ཤིན་ཏུ་བླ་ལྷག་ཏུ་ཆེ་ཞིང། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་དང་སྦྲགས་དཔལ་ལྡན་འོན་མངའ་རིས་གྲྭ་ཚང་འདི་ཉིད་རྒྱ་གར་འཕགས་ཡུལ་ཧི་མ་ཅལ་མངའ་ཁོངས་ཀུ་ལུ་མ་ན་ལི་ས་ཁུལ་དུ་ཉམས་པ་སླར་གསོ་བྱུང་བ་བཅས།།