༢༠༡༡ ཟླ་ ༩ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༧ ཉིན་ཡུ་རོབ་གྲོས་ཚོགས་(EU)ནང་ཆབ་སྲིད་ཚོགས་པ་ཆེ་ཤོས་གསུམ་པར་གྲགས་པ་ཨེ་སོ་ཊོ་ནི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་སྐུ་ཁི་རི་སི་ཊི་ན་ཨོ་ཇུ་ལན་ཌི་(Ms. Kristina Ojuland)མཆོག་གིས་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་། བློ་བཟང་དཀོན་མཆོག་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་དོན་རྐྱེན་གླེང་ཡོད། སྐབས་དེར་ལྕམ་སྐུ་མཆོག་གིས་ཐེངས་འདིའི་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དེ་ནི་འདི་ལོའི་ནང་བོད་དུ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཐེངས་ ༤ ཆགས་ཡོད།
དོན་རྐྱེན་དེས་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་རང་གི་ཆོས་དད་རང་དབང་དང་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐང་རྩོད་བཞིན་པ་གསལ་པོ་ཆགས་ཡོད། བོད་མི་ཚོས་འུ་ཐུག་པའི་བྱ་སྤྱོད་དེ་རིགས་ཡང་ཡང་སྤེལ་དགོས་བྱུང་བ་དེས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་བོད་མིའི་རིག་གཞུང་གི་ངོ་བོ་རྩ་བརླག་ཏུ་གཏོང་བཞིན་ཡོད་པའི་བྱ་སྤྱོད་དེར་ཆོད་སེམས་བརྟན་པོས་གདོང་ལེན་བྱེད་རྒྱུ་ཡིན་པའི་རྣམ་པ་གསལ་པོ་སྟོན་བྱས་པ་ཞིག་ཡིན། དེར་བརྟེན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ནང་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཞུ་ཆེད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གྲོས་མོལ་སྔར་བས་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་མ་ཟད། བལ་ཡུལ་དུ་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་ཚོ་བལ་པོའི་སྲིད་གཞུང་ནས་བཙན་ཐབས་ཀྱིས་ཕྱིར་སློག་བྱས་པའི་གནད་དོན་དེར་སེམས་འཚབ་ཤུགས་ཆེ་ཡོད་སྐོར་གསལ་བཤད་གནང་ཡོད་པ་བཅས།།
ཡུ་རོབ་གྲོས་ཚོགས་ནང་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་དོན་རྐྱེན་གླེང་བ།
གསར་གནས།
འབྲེལ་གནས།