༢༠༡༡ ཟླ་ ༩ ཚེས་ ༡་རེས་གཟའ་ཕུར་བུ།
༄༅། །བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་བར་ལམ་སྙུན་གཞི་བཞེས་ཏེ་སྨན་བཅོས་རིམ་འགྲོ་ཅི་ཡོངས་ཞུས་ཀྱང་དྲག་སྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༣༡ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་རྒྱལ་ས་ལྡི་ལིའི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བརྟེན། ཕྱི་ཟླ་ ༩ ཚེས་ ༡ ཉིན་རྒྱབ་ཆུ་ཚོད་ ༢ ནས་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་རྣམས་ཚང་འཛོམས་ཐོག་ཆུ་ཚོད་གཅིག་རིང་སྨོན་ལམ་གསུང་འདོན་གནང་ཡོད། དེ་ཡང་ཐོག་མར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་དམ་པ་དེའི་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནང་སྟེ་ལས་བྱེད་ཡོངས་ནས་དམ་པ་དེ་ཉིད་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་ཡོད། ཉིན་དེའི་ཆུ་ཚོད་ ༣ ནས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་དབུས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་ཡོད།
དེ་ཡང་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་བོད་མདོ་སྟོད་འབྲི་ཆུ་ཤར་བརྒྱུད་སྡེ་དགེའི་ཁོངས་རྨེ་ཤོད་དུ་སྡེ་དགེ་ཚང་གི་མདུན་འཁོར་འཇུ་ཆེན་ཚང་དུ་ཕྱི་ལོ་ ༡༩༢༩ ལོར་འཁྲུངས་པ་དང་། ཆུང་དུས་ནས་དགེ་བའི་བཤེས་གཉེན་བསྟེན་གཏུགས་ཀྱིས་བོད་ཡིག་འབྲི་དག་གི་རིག་གནས་དང་ཆོས་ཕྱོགས་ཀྱི་སློབ་གཉེར་གནང་། ཕྱི་ལོ་ ༡༩༥༥ བོད་ཟླ་ ༡༡ ནང་རྒྱ་དམར་ནས་ཁམས་ཁུལ་དུ་དམངས་གཙོ་བཅོས་བསྒྱུར་ཞེས་མིང་དོན་དངོས་འགལ་གྱི་ལས་འགུལ་དང་པོ་སྤེལ་བར་བརྟེན། སྡེ་དགེ་ཚང་གི་གཞུང་སར་དགྲ་བོས་བསམ་སྦྱོར་བརྣག་པའི་བྱ་ངན་དངོས་ལག་བསྟར་བྱེད་བཞིན་པར་སོང་།
རིང་མིན་སྡེ་དགེ་ཁུལ་མང་ཚོགས་ནས་ངོ་རྒོལ་འཐབ་འཛིང་བྱེད་རྒྱུ་ངེས་པ་དང་། བོད་གཞུང་ས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྒེར་ལངས་དོན་ལྡན་དུ་གྱུར་སླད་མཚོན་ཆ་དང་། དམག་གི་གྲ་སྒྲིག་འཕྲལ་མྱུར་ཡོང་ཐབས་ཞུས་པ་དང་། དེ་བཞིན་གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་མཛད་ཕྱོགས་ཇི་ཡིན་དྲི་ཞུས་དང་འབྲེལ་བྱེད་སྒོའི་སློབ་སྟོན་ཞུ་བ་དང་ཆུ་སྒང་གི་སྒེར་སྐོར་གནས་ཚུལ་ཤེས་རྟོགས་བཅས་ཀྱི་སླད་སྔ་ཕྱི་ལན་གྲངས་ལྔ་ཙམ་ལྷ་སར་སྐུ་ཚབ་ཏུ་མངགས་པ་ལྟར་ལྷ་སར་ཕེབས་ཡོད། ཕྱི་ལོ་ ༡༩༥༩ ལོའི་ལྷ་སའི་ཟིང་ཆ་བྱུང་སྐབས་ནོར་གླིང་ཕོ་བྲང་དུ་མི་མང་དང་བླངས་དམག་ཁོངས་ཕེབས་ཏེ་སྡེ་དགེ་ཤོག་གི་མི་གྲངས་ ༢༠༠ སྐོར་ཡོད་འགོ་འཁྲིད་གནང་བ་དང་། ༸གོང་ས་མཆོག་ནོར་གླིང་ནས་ཆིབས་སྒྱུར་བསྐྱངས་པའི་ཕྱི་ཉིན་དེར་ནོར་གླིང་དམག་སྤྱི་ཁང་གི་བཀའ་བཀོད་ལྟར་རྒྱ་དམར་ནས་ཕེབས་ལམ་རྗེས་འདེད་ཡོང་ཉེན་བཀག་ཆེད་གཏོང་གནང་ལྟར་ར་མ་གྲུ་ཁར་རྒྱ་དམག་སྔོན་འབྱོར་ཟིན་པར་འཁྲུག་འཛིང་དང་། དེ་ནས་ཆུ་ཤུལ། ཡར་འབྲོག་མཚོ་ཁ། གཉན་སྦྱོར་ར། ཁ་བཏགས་དགོན་སོགས་ལ་རྒྱ་དམག་དང་འཐབ་འཛིངས་ལན་མང་གནང་མཐར་རྨ་སྒོ་བརྒྱུད་རྒྱ་གར་ནང་ཕེབས་བྱོལ་ཐུབ་ནས་མའི་ས་མ་རི་དང་ཀ་སྦུག་ཏུ་བཞུགས།
ཕྱི་ལོ་ ༡༩༦༠ ལོར་མའེ་སོར་གཞིས་ཆགས་སུ་ཕེབས་བསྐྱོད་ཀྱི་བཅུ་དཔོན་དང་མི་མང་འཐུས་མི་གནང་། ཕྱི་ལོ་ ༡༩༦༣ ལོར་ནས་རྡོར་གླིང་ཁུལ་དུ་བཞུགས། ཕྱི་ལོ་ ༡༩༦༥ ལོར་མའི་སོར་དུ་ཕྱིར་ཕེབས་ཀྱིས་སྡོད་སྒར་གཉིས་པའི་སྤྱི་མི་ལོ་བརྒྱད་དང་མཉམ་འབྲེལ་ཚོགས་མི་ལོ་དགུ་གནང་། ཕྱི་ལོ་ ༡༩༧༢ ལོར་རང་བཙན་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་ལོ་དེའི་ཕྱི་ཟླ་ ༡༢ ཚེས་ ༢༥ ནས་ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ བར་སྐབས་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡང་བཞེས། ཕྱི་ལོ་ ༡༩༧༦ ལོར་དྲིལ་བསྒྲགས་བཀའ་བློན་བཀའ་བློན་དུ་བསྐོ་གཞག་སྩལ་ཕེབས་ལྟར་མཛད་འཁུར་དམ་འབུལ་གནང་།
དེ་རྗེས་རྒྱུན་བཞུགས་བཀའ་བློན་གྱི་འགན་འཁུར་བཞེས། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་བརྒྱུད་བོད་ནང་ལྟ་སྐོར་སྐུ་ཚབ་ཐེངས་དང་པོའི་ཚོགས་གཙོར་ཕེབས། སླར་ཡང་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་སྐུ་ཚབ་མི་གསུམ་བསྐོ་གཏོང་གནང་བའི་གཙོ་བོར་ཕེབས། དེ་རྗེས་ཤེས་རིག་དང་། ཆོས་རིག ནང་སྲིད་སོགས་ཀྱི་བཀའ་བློན་དེ་བཞིན་བཀའ་བློན་ཁྲི་པ་སོགས་སུ་བསྐོ་གཞག་སྩལ་ཕེབས་ལྟར་བཀའ་བློན་གྱི་མཛད་ཁུར་ཁོ་ན་ལོ་ངོ་ ༡༥ བཞེས་མྱོང་ཡོད་ལ་དེ་མིན་རྩ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་འགན་འཛིན་དང་། དམིགས་བསལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱིས་གཙོ་འགན་བཞེས་ཏེ་སྲི་ཞུ་བའི་ཕྱག་ལས་སྣེ་མང་གནང་མྱོང་ཡོད་པའི་ཉམས་མྱོང་ཕུན་གསུམ་ཚོགས་པའི་གལ་ཆེའི་མི་སྣ་ཞིག་ཡིན་པ་བཅས།།