༢༠༡༡ ཟླ་ ༩ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་གྲོས་ཚོགས་ཚོགས་དུས་གཉིས་པར་ཚོགས་ཕེབས་སྐབས་གློ་བུར་བསྙུན་མནར་གྱིས་ཅན་དྷི་སྒར་དུ་སྨན་གཏུགས་ཀྱིས་གཤག་བཅོས་བྱས་ཀྱང་། ཕན་བསྐྱེད་མ་བྱུང་བར་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༣།༢༠ ཐོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོས་མ་ཐག་གྲོས་ཚོགས་ཀྱི་ལས་རིམ་མཚམས་འཇོག་གིས་སྤྱི་འཐུས་རྣམ་པ་དང་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་དམ་པ་དེ་ཉིད་ཀྱི་ཆེད་སྨོན་ལམ་གསུང་འདོན་གནང་ཡོད།
དེ་ཡང་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་ནི། ཁོང་ཕྱི་ལོ་ ༡༩༥༢ ལོར་འཁྲུངས་ཤིང༌། ༡༩༥༩ ལོར་རྒྱ་གར་དུ་འབྱོར་ཏེ་རིམ་པའི་སློབ་ཞུགས་གནང་། ཕྱི་ལོ་ ༡༩༦༩ ཟླ་ ༡ ཚེས་ ༣༡ ནས་ ༡༩༩༤ ཟླ་ ༡༠ ཚེས་ ༣༡ བར་ལོ་ངོ་ ༢༦ ལྷག་རིང་དྭང་སློབ་དམག་སྒར་ནང་ཞུགས། དེ་ནས་ཐེག་པ་རིམ་འཛེགས་ཀྱིས་འགོ་འཛིན་ལས་རོགས་(Assistant Political Leader)བར་ལས་དྲུང་དང༌། ལས་ཁུངས་དོ་དམ་པ། བརྒྱ་དཔོན། བཟོ་གཞིས་ལས་ཁང་འགན་འཛིན་བཅས་ཀྱི་ལས་ཁུར་ཐོག་སྲི་ཞུ་བསྒྲུབས་མྱོང་ཡོད། ཕྱི་ལོ་ ༡༩༩༤ ལོ་མཇུག་ཏུ་དྭང་ཞབས་ནས་རྩ་དགོངས་ཞུས་རྗེས་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་གཞིས་གྲོང་བརྒྱ་དཔོན་དང༌། ས་གནས་དྭང་ཟུར་སྐྱིད་སྡུག་གི་རྒྱུན་ལས་ལོ་གསུམ་གནང་། ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་ཁུར་ལོ་དྲུག་དང་མན་སྤར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་བསྟུད་མར་སྐབས་གཉིས་ལས་ཁུར་གནང་
ནུབ་བྷང་གྷལ་མངའ་སྡེའི་རྒྱལ་ས་ཀ་ལི་ཀ་ཏ་བོད་མིའི་སུད་ཚོང་གི་འགན་འཐུས་ལོ་ལྔ། མདོ་སྨད་ཆོལ་ཁའི་སྐབས་ ༡༡ པའི་དབུས་སྤྱི་ཁྱབ་རྒྱུན་ལས་ལོ་གསུམ་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༣ ནས་ ༢༠༠༩ ཟླ་ ༤ ཚེས་ ༢༨ བར་སྐབས་ ༡༣ པའི་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོའི་ལས་ཁུར་གནང་། སྐབས་ ༡༣ དང་ ༡༤། ༡༥ བཅས་ལ་མུ་མཐུད་མདོ་སྨད་མི་མང་ནས་སྤྱི་འཐུས་སུ་འདེམས་གནང་བ་བཞིན། ད་བར་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ཆ་ཚང་ཆད་མེད་ཚོགས་བཅར་གྱིས་ལས་ཁུར་ཞུ་ཡོད་པ་མ་ཟད། སྐབས་ ༡༣ པ་དང་སྤྱི་འཐུས་རྒྱུན་ལས་ལོ་བཞི་དང་སྐབས་ ༡༤ པར་ལོ་གསུམ་དང་ཕྱེད་ལྷག་ལས་ཁུར་ཞུས་ཡོད་ལ་སྐབས་ད་བར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་དང༌། ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སོགས་སྤྱི་འཐུས་ལྷན་ཚོགས་དང་རྒྱུན་ལས་ཀྱི་ཆེད་འཛུགས་ཚོགས་ཆུང་འདྲ་མིན་ ༢༥ ནང་བསྐོ་གཞག་བྱུང་བ་ལྟར་ཞབས་ཞུ་ཧུར་སྐྱེད་ཞུས་དང་ཞུ་མུས་ལགས་ཤིང། སླད་མར་གཙོ་བོ་༸གོང་ས་མཆོག་གི་བཀའ་དགོངས་སྙིང་དབུས་སུ་བཅངས་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ཆེད་མདོ་སྨད་མི་མང་ནས་ཇི་ལྟར་ཐུགས་རེ་གནང་དོན་བཞིན་རང་ནུས་གང་ཐུབ་ཀྱིས་འབད་བརྩོན་ལྷོད་མེད་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་འདུག་པ་བཅས།།
མདོ་སྨད་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པ།
གསར་གནས།
འབྲེལ་གནས།