༢༠༡༡ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་དང་འགན་འཛིན་ལས་འཕར་གཡང་མཁོ་རྒྱལ་ལགས་གཉིས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གསར་འགོད་པ་གྲངས་ ༣༠ བརྒལ་བར་བཙན་བྱོལ་དུ་གནས་འཁོད་དབུས་གཙང་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་བར་མའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་གནང་གོང་སྤྱི་ཁྱབ་འགན་འཛིན་མཆོག་གིས་ཐེངས་འདིའི་འོས་བསྡུའི་སྐོར་འགྲེལ་བརྗོད་གནང་དོན། འདི་གར་ཕེབས་པའི་རྣམ་པ་ཚང་མར་བཀྲིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་དེ་རིང་དབུས་གཙང་ཆོལ་ཁའི་དངོས་གཞིའི་ཁ་སྐོང་འོས་གཞི་ཚར་ཏེ་གྲུབ་འབྲས་གསལ་བསྒྲགས་ཞུ་རྒྱུ་ཡིན། སྤྱིར་བཏང་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་བྱས་ན་ཁ་སྐོང་འོས་བསྡུ་དགོས་རིགས་ཉིན་བརྒྱ་དང་བརྒྱད་ཅུའི་ནང་ཚར་བ་དགོས་ཀྱི་ཡོད་ཀྱང་། ང་ཚོས་ཞིབ་འཇུག་བྱས་ཏེ་དུས་ཡུན་དེ་ཙམ་མི་དགོས་པར་སྤྱི་འཐུས་སྐབས་བཅོ་ལྔའི་གྲོས་ཚོགས་ཐེངས་གཉིས་པ་དེ་དབུ་ཚུགས་ཉེ་བར་བརྟེན།
གོ་བསྡུར་ཧུར་སྐྱེད་བྱས་ཏེ་གང་མགྱོགས་ཀྱིས་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཚར་ཏེ་གསལ་བསྒྲགས་ཞུ་རྒྱུ་ཡིན། ད་རེས་ཁ་སྐོང་འོས་བསྡུར་ས་གནས་ཁག་ ༤༦ ཡོད་པ་དེ་དག་ནང་འོས་བསྡུའི་གོ་སྒྲིག་ཆ་ཚང་ཞུས་ཏེ་སྔོན་འགྲོའི་འོས་གཞིའི་ནང་ནས་རྩེ་བཏོག་གི་སྒྲིག་གཞི་བཞིན་མི་བཞིའི་མིང་གཞུང་བཀྲམ་ནས་དེའི་ནང་ནས་གཉིས་ཀྱི་མཚན་གཞུང་གསལ་བསྒྲགས་དེ་ངའི་ལས་རོགས་གཡང་མཁོ་རྒྱལ་ལགས་ཀྱིས་གནང་གི་རེད་ཅེས་གསུངས་ཡོད། དེ་རྗེས་གཡང་མཁོད་རྒྱལ་ལགས་ཀྱིས་ཚང་མར་བཀྲིས་བདེ་ལེགས་གསུངས་པ་དང་ཆབས་ཅིག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་མང་གི་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུ་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། དེ་ནི་ང་ཚོ་བཙན་བྱོལ་དུ་གནས་པའི་བོད་རྣམས་ཀྱིས་སྟོབས་ཤུགས་ལ་བརྟེན་ནས་ལེགས་གྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། དེ་བཞིན་དབུས་གཙང་མི་མང་ལ་རེ་སྐུལ་ཞུ་རྒྱུར། བོད་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ནང་ལྟ་སྐབས་མདོ་སྟོད་སྨད་གཉིས་ནང་བོད་ནས་ཕྱིས་སུ་འབྱོར་བ་གང་ཙམ་ཞིག་བསླེབས་ཡོད། འོན་ཀྱང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ནང་བོད་ནས་ཕྱིས་སུ་འབྱོར་བ་དེ་འདྲ་བསླེབས་མེད་པར་བརྟེན། ང་རང་བོད་ནས་ཕྱིས་སུ་འབྱོར་བ་ཞིག་ཡིན་པའི་ཆ་ནས་བློ་ཕམ་དང་འབྱུང་འགྱུར་སྐབས་བཅུ་དྲུག་པའི་སྤྱི་འཐུས་སྐབས་དེར་དབུས་གཙང་ཆོལ་ཁའི་ནང་བོད་ནས་ཕྱིས་སུ་འབྱོར་བའི་སྤྱི་འཐུས་སླེབ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་བོད་ནས་ཕྱིས་སུ་འབྱོར་བའི་མི་འགའ་ཤས་ཡོད་ན། ང་ཚོའི་འཐབ་རྩོད་དེ་མི་རིགས་དང་མི་རིགས་དབར་གྱི་འཐབ་རྩོད་ཅིག་ཆགས་ཡོད། དེ་བཞིན་དེང་སྐབས་བོད་ནས་ཕྱིས་སུ་འབྱོར་བའི་དབུས་གཙང་ཕྱོགས་ནས་ཤེས་ཡོན་ཅན་དེ་འདྲ་མང་པོ་སླེབས་ཡོད་པས་འབྱུང་འགྱུར་སྐབས་བཅུ་དྲུག་པའི་དབུས་གཙང་སྤྱི་འཐུས་ནང་དབུས་གཙང་མི་མང་གིས་ཁ་ཞེ་གཉིས་མེད་ཐོག་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཐུབ་པའི་བོད་ནས་ཕྱིས་སུ་འབྱོར་བའི་ཤེས་འཇོན་གཉིས་ལྡན་གྱི་མི་དེ་འདྲར་འོས་ཤོག་འཕེན་རྒྱུར་དབུས་གཙང་མི་མང་ལ་འོས་བསྡུའི་གྲུབ་འབྲས་དང་ལྷན་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུངས་ཏེ་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་དབུས་གཙང་བར་མའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་ཐོབ་གཉིས་ཀྱི་མཚན་དང་འོས་ཐོབ་བརྒྱ་ཆ་གསར་འགོད་གསལ་བསྒྲགས་གནང་དོན།
༡༽ཟླ་བ་ཕུན་སྐྱིད། འོས་གྲངས་། ༩༧༨༣ དང་བརྒྱ་ཆ། ༦༡’༦༤%།
༢༽འཇིགས་མེད་འབྱུང་གནས་ལ་འོས་གྲངས་ ༨༠༧༥ དང་བརྒྱ་ཆ་ ༥༠’༨༨% ཐོབ་འདུག་ཅེས་གསུངས་ཡོད།
དེ་ནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་འབོད་སྐུལ་གསུང་བཤད་གནང་དོན། འབོད་སྐུལ་ཞུ་རྒྱུར་ཁ་སྐོང་འོས་བསྡུའི་སྐབས་མི་མང་ནས་སྣང་ཆུང་གཏོང་གི་ཡོད་པ་གསལ་པོ་འདུག་མ་ཟད། ༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་རྩིས་སྤྲོད་མཛད་གྲུབ་པར་སོང་སྐབས་བཅུ་དྲུག་པའི་བཀའ་བློན་ཁྲི་པ་དང་དེ་བས་སྤྱི་འཐུས་ཀྱི་འོས་བསྡུ་དེ་གལ་ཆེན་པོ་ཆགས་ཡོད་སྟབས་བརྒྱ་ཆ་ ༡༠༠ མ་བྱུང་ནའང་བརྒྱ་ཆ་ ༥༠ ལས་མ་ཉུང་བ་རྒྱ་ཆེའི་མི་མང་ནས་འོས་འཕེན་དགོས་པའི་འབོད་སྐུལ་ཞུ་བ་སྦྲགས་སྐབས་བཅུ་བདུན་པའི་འོས་བསྡུ་ཆེན་མོ་བོད་ལ་ཡོང་བའི་སྨོན་འདུན་དང་། སྐབས་བཅོ་ལྔ་པའི་འོས་བསྡུའི་ལས་རིམ་མཇུག་སྒྲིལ་བའི་གསར་འགོད་གསལ་བསྒྲགས་གནང་ཡོད་པ་བཅས། །
བོད་མི་མང་སྐབས་ ༡༥ པའི་དབུས་གཙང་བར་མའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་ནང་འདེམས་ཐོན་བྱུང་གཤམ་གསལ།
དབུས་གཙང་བར་མའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་འདེམས་ཐོན་བྱུང་བའི་སྤྱི་འཐུས་གཉིས་ཀྱི་མཚན།
བོད་མི་མང་སྐབས་ ༡༥ པའི་དབུས་གཙང་བར་མའི་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས།