༢༠༡༡ ཟླ་ ༩ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་བླ་ཆེན་དབུས་བླ་སྤྲུལ་མཁན་པོ་དང་སྐུ་ཚབ་འདུས་པའི་ཆོས་ཚོགས་ཐེངས་བཅུ་གཅིག་པ་རྡ་ས་མེཀ་ལོར་གན་ཇིའི་སུ་རི་ཡ་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་ལགས། སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པའི་སྐུ་ཚབ་མཁན་པོ་འཇམ་དཔལ་ཆོས་སྦྱིན་ལགས། དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེ་མཆོག་གིས་དབུས་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག མཚོ་སྣ་རིན་པོ་ཆེ་མཆོག ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་མཆོག རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག རྟོགས་ལྡན་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་རང་གྲོལ་ལགས། ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཐུབ་བསྟན་འཇིགས་སྒྲོལ་ལགས། རི་བོ་དགེ་ལུགས་པའི་ཤེས་ཡོན་ལྷན་ཚོགས་ཀྱི་འཐུས་མི་ཨཅརྱ་བསྟན་འཛིན་བླ་མ་ལགས། མཁན་པོ་སངས་རྒྱས་རང་བྱུང་གི་སྐུ་ཚབ་ཨཅརྱ་ནོར་བུ་ཤར་པ་ལགས། ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་པོ་ཀརྨ་དབང་ཕྱུག་ལགས། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག རྙིང་མའི་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བཀའ་བརྒྱུད་སྤྱི་འཐུས་རྒྱུན་ལས་ཀརྨ་ཆོས་འཕེལ་ལགས། ས་སྐྱའི་སྤྱི་འཐུས་རྒྱུན་ལས་མཁན་པོ་ནོར་བུ་ཚེ་རིང་ལགས། དགེ་ལུགས་སྤྱི་འཐུས་རྒྱུན་ལས་ཨ་ཀྲུག་ཚེ་བརྟན་ལགས། བོན་གྱི་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། ཆོས་རིག་བཀའ་བློན་མཆོག དེ་བཞིན་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་ལས་བྱེད་འདེམས་ལྷན་གྱི་འགན་འཛིན་མཆོག རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག་གིས་གཙོས་ལྷན་ཁང་ཁག་གཅིག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། གསར་འགོད་པ་དང་འབྲེལ་ཡོད་ལས་བྱེད་སོགས་ཁྱོན་མི་གྲངས་ ༨༠ བརྒལ་བའི་དབུས་སུ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་རྟེན་གཙོ་ཐུབ་དབང་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་ཚོགས་འདུ་དབུ་འབྱེད་ཀྱི་སྣང་གསལ་ཞལ་ཕྱེ་གནང་།
དེ་ནས་ཉེ་ཆར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་སྔ་འགྱུར་རྙིང་མའི་དབུ་ཁྲིད་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་གང་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བསྟན་འགྲོའི་མགོན་དུ་ཡང་སྲིད་འཁྲུལ་བྲལ་མྱུར་བྱོན་ཡོང་བའི་ཐུགས་སྨོན་གསོལ་འདེབས་དང་། ཚེ་འདས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག དེ་བཞིན་ཉེ་ལམ་འབྲས་ལྗོངས་གཙོ་བོར་གྱུར་བའི་བོད་དང་ཧི་མཱ་ལ་ཡི་ས་ཁུལ་ཁག་གཅིག་གི་ནང་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་རྗེས་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པ་བཞི་ནས་ཤིས་བརྗོད་གསུང་བཞིན་པའི་སྐབས་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཐེངས་ ༡༡ པའི་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་དང་བཀའ་ཁྲི་མཆོག་གིས་ཆོས་ཚོགས་ཀྱི་ཚོགས་འདུ་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།
དེ་བཞིན་ཆུ་ཚོད་ ༡༠།༣༠ ནས་ཚོགས་འདུ་དབུ་འཛུགས་ཀྱིས་ཚོགས་ཐུན་དང་པོའི་གཙོ་སྐྱོང་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གནང་རྒྱུ་དང། ཚོགས་ཐུན་གཉིས་པའི་གཙོ་སྐྱོང་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་གསུམ་པའི་གཙོ་སྐྱོང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་བཞི་པའི་གཙོ་སྐྱོང་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གནང་རྒྱུ་ཡིན་འདུག
ཡང་ཕྱི་ཚེས་ ༢༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༡༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་ཀྱི་ཚོགས་མགོན་དུ་༸ཞབས་སོར་འཁོད་སྐབས་ཆོས་རིག་བཀའ་བློན་མཆོག་གིས་མཇལ་དར་འབུལ་ལམ་ཞུ་རྒྱུ་དང་། ཆོས་ཚོགས་ཉིན་དང་པོའི་ཚོགས་ཐུན་བཞིའི་ནང་བཀའ་བསྡུར་ཐག་གཅོད་ཇི་བྱུང་༸སྙན་སྒྲོན་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་རྒྱུ། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་ཚོགས་བཅར་བ་རྣམས་དང་ལྷན་བཞེས་མཛད་རྗེས་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ལྷན་ཚོགས་མུ་མཐུད་མཇུག་སྐྱོང་གནང་རྒྱུ། ཚོགས་ཐུན་ལྔ་པའི་གཙོ་སྐྱོང་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་གནང་རྒྱུ་དང་། ཚོགས་ཐུན་དྲུག་པའི་གཙོ་སྐྱོང་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་བདུན་པའི་གཙོ་སྐྱོང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཕྱི་ཚེས་ ༢༤ ཉིན་ཚོགས་ཐུན་བརྒྱད་པའི་གཙོ་སྐྱོང་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་གནང་རྒྱུ། ཚོགས་ཐུན་དགུ་པ་དང་བཅུ་པའི་གཙོ་སྐྱོང་ཆོས་རིག་བཀའ་བློན་མཆོག་གིས་གནང་རྒྱུ། མཇུག་བསྡོམས་མཛད་སྒོར་ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཀྱི་མཐའ་མའི་གྲོས་ཆོད་སྙན་སྒྲོན་ཞུ་རྒྱུ་དང་འབྲེལ་གསུང་བཤད་གནང་རྗེས་བླ་ཆེན་དབུ་ཁྲིད་དབུས་པའི་ཚོགས་མི་རྣམ་པར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དགོན་སྡེ་ཁག་གི་ལོ་རྒྱུས་ཕྱག་དེབ་རེ་འབུལ་རྒྱུ། དེ་ནས་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཆོས་ཚོགས་ཐེངས་ ༡༡ པའི་ཚོགས་ཆེན་མཇུག་སྒྲིལ་གནང་རྒྱུ་དང་། དགོང་དྲོ་ཆུ་ཚོད་ ༧ པའི་ཐོག་བཀའ་ཤག་གིས་ཚོགས་མི་རྣམ་པར་སུ་རི་ཡ་གསོལ་མགྲོན་ཁང་དུ་གསོལ་ཚིགས་འབུལ་རྒྱུ་ཡིན་འདུག
ད་རེས་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་གྲོས་གཞི་དོན་ཚན་དང་པོ། ཆོས་རིག་བཀའ་བློན་མཆོག་གིས་ཆོས་ཚོགས་ཐེངས་བཅུ་པའི་གྲོས་ཆོད་ཁག་ལ་ཕྱག་བསྟར་ཐུབ་པ་དང་མ་ཐུབ་པ་ཇི་བྱུང་གནས་སྟངས་སྙན་སྒྲོན་ཞུ་རྒྱུ། གྲོས་གཞི་དོན་ཚན་གཉིས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་དགོན་སྡེ་ཁག་གི་སློབ་གཉེར་གོང་འཕེལ་ཡོང་ཐབས་སྐོར་དང། གྲོས་གཞི་དོན་ཚན་གསུམ་པ། ཆོས་ཚོགས་ཐེངས་བཅུ་པའི་གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་བཙུན་མའི་འདུས་སྡེའི་ཁོངས་ནས་སློབ་གཉེར་མཐར་སོན་རྣམས་ལ་མཚན་གནས་གསར་རྙིང་གང་འོས་འབུལ་འཐུས་སྐོར། གྲོས་གཞི་དོན་ཚན་བཞི་པ། ཆོས་ཚོགས་ཐེངས་དགུ་པའི་སྐབས་དམིགས་བསལ་བླ་ཆེན་ལྷན་ཚོགས་ནས་ཐུགས་མོས་ཐག་གཅོད་བྱུང་དོན། གདན་སའི་བཤད་གྲྭ་ཁག་ཏུ་ཚན་རིག་སློབ་ཁྲིད་འགོ་འཛུགས་ཞུ་དགོས་གསལ་ཐད་ཆོས་སྡེ་སོ་སོས་ཕྱག་བསྟར་ཇི་གནང་སྐོར་སོགས་ཀྱི་གྲོས་གཞི་དོན་ཚན་ཁག་བཅུའི་ཐོག་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས།