༢༠༡༡ ཟླ་ ༩ ཚེས་ ༡༥ ཉིན་རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ པའི་ ༡༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་ཁང་དུ་སྐབས་ ༡༥ པའི་དབུས་གཙང་ཁ་སྐོང་སྤྱི་འཐུས་འོས་འདེམས་བྱུང་བ་ཟླ་བ་ཕུན་སྐྱིད་ལགས་དང་། འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དྲུང་དུ་ལས་ཁུར་གྱི་དམ་འབུལ་ཞུས་ཡོད།
དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི། ཚོགས་དྲུང་བཅས་ལྷན་འཛོམས་ཐོག་དབུས་གཙང་ཁ་སྐོང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། འཇིགས་མེད་འབྱུང་གནས་ལགས་རྣམ་གཉིས་ཀྱིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲིར་མཇལ་དར་བསྒྲོན་འབུལ་ཞུས་ཏེ་སྤྱི་འཐུས་ཚོགས་གཙོ་མཆོག་གི་དྲུང་དུ་ལས་འཁུར་དམ་འབུལ་ཞུས་རྗེས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ། ཚོགས་དྲུང་སོགས་ཀྱི་ཁོང་རྣམ་གཉིས་ལ་འཚམས་འདྲིའི་མཇལ་དར་ཕུལ་གྲུབ་མཚམས་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་ཏེ་མཛད་སྒོ་གྲོལ།
དེ་ཡང་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་གཉིས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡༽སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་རྡ་ས་བོད་ཁྱིམ་དུ་དྭ་ཕྲུག་ཁོངས་སློབ་བཞེས་ཀྱིས་འཚར་ལོངས་བྱུང་ཞིང་སློབ་གྲྭའི་ནང་སྤྱི་པའི་རྒན་བདག་གནང་མྱོང་ཡོད། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད། འཛིན་རིམ་བཅུ་གཉིས་ཀྱི་སློབ་རྒྱུགས་འཕྲོད་རྗེས་ (Christian Medical College, Vellore དང་། St. John’s Medical College, Bangalore) མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་ཐོག་སློབ་མཐར་ཕྱིན་ཏེ་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཕྱི་ལོ་ ༡༩༨༧ ནས་བོད་གཞུང་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང་དབུས་འཕྲོད་བསྟེན་ལས་ཁུངས་སུ་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་འཁུར་ཞུ་བཞིན་པའི་སྐབས་ཕྱི་ལོ་ ༡༩༩༤ བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང་། དེ་བཞིན་རྡ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་སྐབས་( Rotary Club) སྤྱི་ཚོགས་ཞབས་ཞུ་ཚོགས་པའི་ཚོགས་མི་ཡིན་མུས་ཐོག་ཡུལ་མི་དང་བོད་མིའི་དབར་མཐུན་སྒྲིལ་ལ་ཕན་པའི་ལས་འགུལ་སྤེལ་ཡོད། རྡ་ས་ས་གནས་གཞོན་ནུའི་ཚོགས་གཙོ་སྐབས་གཉིས་དང་ཕྱི་ལོ་ ༢༠༠༡ ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དབུས་གཙང་ཆོལ་ཁའི་སྤྱི་ཁྱབ་ཚོགས་གཞོན་གྱི་འགན་འཁུར་བཅས་སྤྱི་ཚོགས་ཞབས་ཞུའི་ལས་རིམ་སྐབས་སོ་སོར་ལས་དོན་ངོ་ལྐོག་མེད་པ་ཞུས་པ་མ་ཟད། བོད་གཞུང་སྨན་རྩིས་ཁང་དང་རྡ་ས་ཀུན་ཕན་དགེ་རྩ་ལྷན་ཚོགས་སོ་སོའི་ཚོགས་མི་ཡང་རེད་འདུག ཕྱི་ལོ་ ༢༠༠༦ ནས་བདེ་ལེགས་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་འཁུར་ཞུ་མུས་ཀྱིས་གོང་གསལ་ལས་དོན་དེ་དག་དང་འབྲེལ་བའི་ཐོག་ཕྱི་རྒྱལ་ཡུལ་གྲུ་མང་པོར་ཆེད་བསྐྱོད་ཀྱིས་ཕྱི་ནང་གཉིས་ཀྱི་གནས་སྟངས་གོ་རྟོགས་རྒྱ་ཆེ་ཡོད་པ་དང་བོད་མི་མང་སྤྱི་འཐུས་སྐབས་ ༡༣ དང་ ༡༤ སོ་སོར་དབུས་གཙང་ཆོལ་ཁའི་སྤྱི་འཐུས་དང་ཡང་སྐབས་ ༡༥ དབུས་གཙང་ཆོལ་ཁའི་ཁ་སྐོང་འོས་བསྡུར་འོས་འདེམས་བྱུང་འདུག
༢༽སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ནི། ཕྱི་ལོ་ ༡༩༦༢ བོད་ནས་བྲོལ་བྱོལ་གྱིས་ལ་དྭགས་སུ་འབྱོར་རྗེས་རང་གཞུང་གི་སློབ་གྲྭར་འཇུག་བཞེས་ཀྱི་མ་སུ་རི་དང་པན་ཇི་མ་རི་སློབ་གྲྭར་བསྐྱོད། ཕྱི་ལོ་ ༡༩༧༡ སྦེལ་ཀོབ་བདེ་སླར་གཞིས་ཆགས་སུ་འབྱོར་ཏེ་གཞིས་གྲོང་གི་སྤྱི་མི་དང་། རང་བདེན་ཚོགས་ཆུང་དང་མཉམ་འཐུས། ས་གནས་གཞོན་ནུའི་ཚོགས་གཙོ་བགྲེས་གཞོན། ཉིན་སློབ་དགེ་རྒན། དགེ་ལུགས་མ་དགོན་གྱི་ལས་དྲུང། མཉམ་འབྲེལ་འཕྲུལ་རྨོས་བཅས་ཀྱི་འགན་འཛིན་གྱི་ལས་ཁུར་ཞུས་ཤིང་ཕྱི་ལོ་ ༡༩༨༣ བཙན་བྱོལ་བོད་གཞུང་གི་ཞབས་ཞུར་ཞུགས་ཏེ་ཐོག་མར་ཀོ་ལི་གྷལ་མཉམ་འབྲེལ་དྲུང་ཆེ་དང་རིམ་པས་ཧོན་སུར་ས་གནས་འགོ་འཛིན། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི། ཕྱི་ལོ་ ༡༩༩༥ ནས་ལོ་ངོ་བཅུ་བཞི་རིང་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཆུང་དང་རྩིས་ཞིབ་དྲུང་ཆེ་སོགས་ཀྱི་ལས་འཁུར་རིམ་པ་ཞུས་པ་མ་ཟད། ལྷག་པར་དུས་ཡུན་དེ་དག་རིང་( Isreal དང་ Dehradun )མཉམ་འབྲེལ་སྦྱོང་བརྡར་ཁང་དུ་མཉམ་འབྲེལ་འཛིན་སྐྱོང་གི་དམིགས་བཀར་སྦྱོང་བརྡར་དང་། དེ་བཞིན་མ་སུ་རི་དང་( LBSA) ལྡི་ལི། ཧི་མ་ཅལ་གཞུང་གི་མཐོ་རིམ་ལས་བྱེད་སྦྱོར་བརྡར་ཁང་ནང་འགོ་ཁྲིད་དང་འཛིན་སྐྱོང་གི་ཐད་སྦྱོང་བརྡར་སོགས་གནང་སྟེ་ཁྱོན་མི་ལོ་ ༣༧ ཙམ་སྤྱི་ཚོགས་ནང་ཞབས་འདེགས་ཞུས་པའི་མཐོང་ཐོས་མྱོང་གསུམ་གྱི་ཉམས་མྱོང་རྒྱ་མི་ཆུང་བ་ཞིག་ལྡན་འདུག་པ་བཅས། །