༢༠༡༡ ཟླ་ ༩ ཚེས་ ༢༢
༄༅། །བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་སྐྱབས་གནས་དམ་པ་དབུ་ཁྲིད་བླ་ཆེན་དང་མཁན་བླ་སྤྲུལ་རྣམ་པ། རྒྱ་བལ་འབྲུག་བཅས་ནས་དམིགས་བསལ་གདན་འདྲེན་ཞུ་བའི་བླ་སྤྲུལ་དང་མཁན་པོ་བཅས་ལ་གུས་ཕྱག་དང་བཅས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ད་རིང་ནས་ཉིན་གསུམ་རིང་མེག་ལོཌ་སུ་རི་ཡ་གསོལ་མགྲོན་ཁང་དུ་བསྐྱང་རྒྱུའི་ཆོས་ཆོགས་འདིར་སྐུ་ངལ་འཛེམས་མེད་ཀྱིས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཕྱོགས་མཚུངས་སྐབས་བབ་ཆོས་ཚོགས་འདིའི་དབུ་འབྱེད་མཛད་སྒོར་ཕེབས་པའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཆོས་ལུགས་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཚོགས་ཕེབས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་ཡང་མི་ལོ་སྟོང་ཕྲག་མང་པོའི་སྔོན་དུ་ཨེ་ཤ་ཡའི་ལྟེ་བར་བོད་གངས་ཅན་ལྗོངས་ཅེས་པའི་རྒྱལ་ཁབ་འདི་ཆགས་པ་ནས་བཟུང་། བསྟན་པ་ཕྱི་དར་གྱི་ལོ་པཎ་བྱང་ཆུབ་སེམས་པའི་ཚོགས་ཀྱི་ཐུགས་བསྐྱེད་ཀྱིས་བཀའ་དྲིན་ལ་བརྟེན་ནས། གསེར་སྦྱངས་བཙོ་མ་ལྟ་བུ་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་གངས་ཅན་གྱི་ལྗོངས་འདིར་སླར་ཡང་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་། དེང་སྐབས་བོད་ཡུལ་རང་དུ་བོད་མི་རིགས་དང་རིག་གཞུང་བཅས་པ་རྩ་བརླག་འགྲོ་རྒྱུའི་ཉག་ཕྲ་བའི་དུས་མཚམས་སུ་བསླེབས་པ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།
རང་ཅག་རྣམས་རྒྱ་གར་དུ་བྱོལ་བ་ནས་བཟུང་ད་བར་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་དང་། གཡུང་དྲུང་བོན་གྱི་དབུ་ཁྲིད་སྐུ་ཚབ་འདུས་པའི་ཆོས་ཚོགས་རིམ་པར་ཐེངས་བཅུ་ཙམ་བསྐྱངས་ཡོད། དེ་དག་ཐོག་ནས་བོད་བསྟན་སྲིད་སྤྱི་དང་ལྷག་པར་ཆོས་ཕྱོགས་སྒྲིག་འཛུགས་རྣམས་སྲ་བརྟན་ཕྲ་ཚུགས་པ། ཆོས་བརྒྱུད་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡོང་ཐབས། རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་རྒྱུན་འཛིན་ཐུབ་པ་དང་བསྟན་ལ་འཚེ་བའི་མི་མཐུན་པའི་ཕྱོགས་ཀྱི་ངན་བྱུས་མཐའ་དག་ལམ་དུ་མི་འགྱུར་བ་སོགས་ལ་དམིགས་ནས་ཐབས་བྱུས་དང་ལམ་སྟོན་གནང་ཡོད་ལ། དེའི་རྐྱེན་དང་དབུ་ཁྲིད་བླ་ཆེན་རྣམ་པའི་རླབས་ཆེན་ཐུགས་བསྐྱེད་ཉག་གཅིག་ལ་བརྟེན་ནས་ད་བར་ཆོས་འབྱོར་གྱི་དཔལ་ཡོན་དར་ཞིང་རྒྱས་པ་བྱུང་ཡོད།
འོན་ཀྱང་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་ལོག་པའི་དམིགས་ཡུལ་ཀུན་ནས་བླངས་ཏེ། རྒྱ་དམར་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ངོས་འཛིན་ཞུ་ཕྱོགས་མཚོན། ཆོས་ཕྱོགས་སྒྲིག་འཛུགས་ལ་ཁྱབ་པའི་ཁྲིམས་ཡིག་འདྲ་མིན་གཏན་འབེབས་བྱས་པ་སོགས་ལ་བརྟེན།- ཕྱི་ནང་གང་གི་ཆ་ནས་དཀའ་ངལ་ཇི་སྙེད་ཅིག་འཕྲད་དང་འཕྲད་རྒྱུ་ཡིན་པར་བརྟེན། དེ་རྩིས་རང་ཅག་ཚང་མས་ཐུགས་བསམ་དམིགས་བསལ་བཞེས་དགོས་པའི་དུས་ཚོད་ཅིག་ཡིན།
ཆོས་དང་རིག་གཞུང་གི་ཐོག་ནས་བོད་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པའི་ཧི་མ་ལ་ཡའི་ཁུལ་དང་རུ་སོག་མི་མང་ཚོས་ཀྱང་བོད་བརྒྱུད་ནང་བསྟན་ལ་རྗེས་སུ་འཇུག་ཅིང་། ད་བར་བོད་རིགས་དང་གཉིས་སུ་མེད་པར་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་འཛིན་དང་། ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཐབས་བཅས་ལ་ཞབས་འདེགས་རླབས་ཆེན་ཞུས་ཡོད་ལ། བོད་ཀྱི་ཆབ་སྲིད་གནད་དོན་ཕྱོགས་ནས་ཀྱང་རོགས་འདེགས་གནང་དང་གནང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེང་སང་བོད་དང་བོད་བརྒྱུད་བསྟན་པ་འདི་ཉིད་ཆགས་འཇིག་གི་མཚམས་ལ་བསླེབས་སྐབས། རྣམ་པ་ཚོས་རོགས་འདེགས་དེ་བས་ཆེ་བ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པར་བརྟེན། འདིར་ཕེབས་བླ་སྤྲུལ་འཐུས་ཚབ་ལྷན་རྒྱས་བརྒྱུད་འབྲེལ་ཡོད་སྤྱི་སྒེར་ཐམས་ཅད་ལ་རེ་འདུན་ཞུ་རྒྱུ་ཡིན།
སྐབས་བབས་ཆོས་ཚོགས་འདི་ཐོག་ནས་བཀའ་བསྡུར་ཐག་གཅོད་གནང་རྒྱུའི་གནད་དོན་འགའ་ཤས་ཡོད་པ་རིམ་པས་ཚོགས་ཐུན་སོ་སོའི་ཚོགས་གཙོ་བརྒྱུད་སྙན་གསན་ཡོང་རྒྱུ་ཡིན་པས། གནད་དོན་དེ་དག་ཐོག་ཚོགས་མི་ཚང་མས་བཀའ་བསྡུར་ལྷུག་པོར་གནང་ཞིང་གྲོས་གཞི་ལྟར། གྲྭ་ཚང་བཤད་གྲྭ་ཁག་ཏུ་སློབ་གཉེར་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བརྩམ་ཐུབ་པ། བཙུན་མ་འདུས་སྡེ་ཁོངས་ནས་སློབ་གཉེར་མཐར་སོན་པ་རྣམས་ལ་མཚན་གནས་འབུལ་ཕྱོགས་ཀྱི་བརྒྱུད་རིམ་གསར་པ་གཏན་འཁེལ་བ། ཆོས་ཚོགས་བཅུ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་དེ་ཉིད་ཕྱག་ལེན་འཁེལ་ཐུབ་པ། བོད་བརྒྱུད་ནང་བསྟན་ལ་རྨ་བྱིན་པའི་¸ཟོག་པོ་ཆོས་མིང་འཛིན་པ་ཕྱི་རྒྱལ་ཁུལ་དུ་ནང་ཆོས་སློབ་གཉེར་ཚད་ལྡན་མེད་པར་ཡོད་མདོག་གིས་འཆད་གཉེར་གྱིས་བྱ་བར་བཞུགས་རིགས་ལ་གདོང་ལེན་ཐུབ་པ་སོགས་གྲོས་ཆོད་ཀྱི་ལམ་ནས་ཡོང་རྒྱུའི་རེ་བ་ཡོད།
མཐའ་དོན། གསེར་སྦྱངས་བཙོ་མ་ལྟ་བུའི་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡུན་གནས་ཡོང་བ་དང་། བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཆོས་ལུགས་ཆོས་བརྒྱུད་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པ། བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་བོད་གཞིས་བྱེས་མཉམ་འཛོམས་ཐོག་བདེ་སྐྱིད་རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད་ཐུབ་པ་སོགས་འབྱུང་བའི་སྨོན་འདུན་དང་འབྲེལ། ཚོགས་མི་ཡོངས་ནས་སྐུ་ངལ་ལ་མ་འཛེམས་པར་གསོལ་འདེབས་ཞུས་པ་བཞིན་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་སླར་ཡང་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ས་གནས་ཀྱི་གནས་སྟངས་དབང་གིས་བཞུགས་གནས་དང་བཞེས་ལག་གིས་མཚོན་པའི་གོ་སྒྲིག་རྣམས་གང་ཐུབ་ཞུ་ཁུལ་ཡང་། འཐུས་ཚང་མ་བྱུང་བའི་གནས་སྟངས་བྱུང་ཡོད་ཚེ་སྙིང་ཐག་པ་ནས་བཟོད་གསོལ་ཞུ་རྒྱུ་ཡིན།
སྭརྦ་མངྒལྃ།། །།