༢༠༡༡ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ རེས་གཟའ་པ་སངས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྷར་ཛིལ་རྒྱལ་ས་སོ་པའོ་ལོའི་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་བསྟི་གནས་ཁང་དུ་ཤེས་པའི་རྣམ་གཞག་སྐོར་ལ་སྲོལ་རྒྱུན་དང་དེང་རབས་ཀླད་ཁམས་ཚན་རིག་པའི་ལྟ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། དེ་ཡང་༸གོང་ས་མཆོག་ལྷན་ཚོགས་དེར་ཆིབས་སྒྱུར་མ་བསྐྱང་གོང་དུ་སོ་པའོ་ལོའི་གཙུག་ལག་སློབ་གྲྭའི་ཌིན་སྐུ་ཞབས་ཝལ་ཊར་མན་ན་ཨལ་བྷར་ཊན་མཆོག་དང་ཨལ་བྷ་ཊི་ཨེན་སི་ཊེན་ཉམས་ཞིབ་བསྟི་གནས་ཁང་(Albert Einstein)གི་ཚོགས་གཙོ་སྐུ་ཞབས་(Dr. Claudio Lottenberg) ཀ་ལའོ་ཌིའོ་ལོ་ཊན་བྷག དེ་བཞིན་བགྲོ་གླེང་ནང་གཏམ་བཤད་གནང་མཁན་གཞན་ཚོ་དང་ཡང་མཇལ་འཕྲད་མཛད།
དེ་རྗེས་བགྲོ་གླེང་དབུ་འཛུགས་ཀྱི་ཐོག་མར་སོ་པའོ་ལོའི་གཙུག་ལག་སློབ་གྲྭའི་ཌིན་ཟུར་པ་སྐུ་ཞབས་ལུ་ཝི་ཛི་ཨི་ཇི་ནོ་(Dr.Luiz Eugenio)མཆོག་གིས་སོ་པའོ་ལོའི་གཙུག་ལག་སློབ་གྲྭ་དང་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གཉིས་བར་ཤེས་ཡོན་དང་འབྲེལ་བའི་ལས་གཞི་ཁག་བརྗེ་ལེན་གནང་རྒྱུའི་ལས་འཆར་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༦ ལོར་༸གོང་ས་མཆོག་བྷར་སིལ་དུ་ཆིབས་སྒྱུར་བསྐྱངས་པ་དང་སྟབས་བསྟུན་དབུ་འཛུགས་མཛད་པ་ཞིག་ཡིན་སྐོར་ངོ་སྤྲོད་གནང།
བགྲོ་གླེང་ཚོགས་འདུའི་སྔ་དྲོ་ཚོགས་ཐུན་དང་པོའི་སྐབས་མིའི་ཀླད་པར་བརྡབ་སྐྱོན་བྱུང་བ་སོགས་ལ་བརྟེན་ནས་ཚོར་ཤེས་རག་པ་རྣམས་ཀྱི་བྱ་བ་བྱེད་མ་ཐུབ་ཀྱང་ཆེས་ཕྲ་བའི་ཤེས་པའི་གནས་སྟངས་ཤིག་ཡོད་པ་(Minimal And Unusual States of Consciousness)དེའི་སྐོར་བགྲོ་གླེང་གནང་འདུག སྐབས་དེར་སྦེལ་ཇམ་གཙུག་ལག་སློབ་གྲྭ་ལིཀ(University of Liegue) ཞེས་པའི་ཚན་རིག་པ་ལྕམ་ཀེ་རི་ལིན་ཤ་ན་ཀར་ལགས་དང། ཁེ་ཎ་ཌ་ཨོན་ཊེ་རིའོ་གཙུག་ལག་སློབ་གྲྭ་ནས་སྐུ་ཞབས་ཨེན་ཌེན་ཨོ་ཝན་(Dr. Andrian Owen)ལགས་ཀྱིས་དེང་རབས་སྨན་གཞུང་དང་ཚན་རིག་འཕྲུལ་ཆས་ཀྱི་ལམ་ནས་གོང་བརྗོད་ཤེས་པའི་གནས་སྟངས་ཐོག་འགྲེལ་བཤད་བྱེད་ཚུལ་གྱི་རང་རང་སོ་སོའི་ཆེད་རྩོམ་སྙན་སྒྲོན་ཞུས་པ་དང་། ཨ་རི་ཨི་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ནང་ཆོས་ནས་གསུངས་པའི་ཤེས་པའི་རྣམ་གཞག་བཅས་འགྲེལ་བཤད་ཞུས་རྗེས་༸གོང་ས་མཆོག་གིས་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་ཁྱུག་ཙམ་སྩལ་གྲུབ་བསྟུན། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གྱི་མི་སྣ་གསུམ་ཡོད་པ་རྣམས་ཕན་ཚུན་དྲི་བ་དྲིས་ལན་གྱི་ལས་རིམ་དབུ་འཛུགས་གནང།
ཉིན་རྒྱབ་༸གོང་ས་མཆོག་གིས་བྷར་ཛིལ་གསར་འགོད་པར་མཇལ་འཕྲད་ཀྱིས་དྲི་བར་བཀའ་ལན་མཛད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་གསར་འགོད་པ་ཚོར་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་ཁུར་ཐོག་བཀའ་སློབ་སྩལ་དོན།
དེང་སྐབས་ང་ཚོས་གཞི་རྩའི་འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པའི་གནས་སྟངས་དེ་སྣང་མེད་དུ་བཞག་ནས་མི་ཕན་ཚུན་དབར་མི་འདྲ་བའི་ཁྱད་པར་ཕྲན་བུ་ཡོད་པའི་གནས་སྟངས་རིམ་པ་གཉིས་པ་དེར་དོ་སྣང་གཙོ་འདོན་བྱེད་བཞིན་ཡོད། འདས་པའི་སྐབས་ཙམ་མ་ཟད་དེང་སྐབས་སུའང་སྤྱི་ཚོགས་ནང་ཆོས་ལུགས་ལ་རྟེན་ནས་རྙོག་གྲ་འབྱུང་བཞིན་ཡོད། དེར་བརྟེན་ངོས་ཀྱིས་ས་གནས་གང་དུ་བསྐྱོད་ཀྱང་འགྲོ་བ་མིའི་ནང་བསམ་བློའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད། བྷར་ཛིལ་འདི་བཞིན་དཔལ་འབྱོར་ཡར་རྒྱས་མྱུར་པོ་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་ཡིན་པར་བརྟེན། མི་ངན་ཁག་གཅིག་ནས་སྤྱི་ཚོགས་ཀྱི་གནས་སྟངས་དེར་ཁེ་ཕན་བླངས་ཏེ་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱི་ལས་རིགས་སྤེལ་རྒྱུར་ཉེན་ཁ་ཏན་ཏན་ཡོད། དེར་བརྟེན་གསར་འགོད་པ་ཚོར་དམིགས་བསལ་འགན་ཞིག་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
གསར་འགོད་ལྷན་ཚོགས་གྲུབ་མཚམས་བགྲོ་གླེང་ཚོགས་ཐུན་གཉིས་པར་ཆིབས་སྒྱུར་བསྐྱངས། ཚོགས་ཐུན་གཉིས་པའི་སྐབས་ཀླད་པའི་རྫས་འཕེལ་རིམ་དང་སྒོམ་སྒྲུབ་ཉམས་ལེན་སྐོར་བྷར་ཛིལ་སོ་པོ་ལོའི་གཙུག་ལག་སློབ་གྲྭ་དང་དབྱིན་ཡུལ་རྒྱལ་ས་ལོན་ཌོན་གཙུག་ལག་སློབ་གྲྭ དེ་བཞིན་ཨི་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་རྣམས་ཀྱིས་བརྗོད་གཞི་དང་འབྲེལ་བའི་ཆེད་རྩོམ་སྙན་སྒྲོན་ཞུས། དེ་རྗེས་༸གོང་ས་མཆོག་གིས་བརྗོད་གཞི་དང་འབྲེལ་བའི་བཀའ་སློབ་ཁྱུག་ཙམ་སྩལ་གྲུབ་བསྟུན། བགྲོ་གླེང་གནང་མཁན་ཕན་ཚུན་དབར་བགྲོ་གླེང་གནང་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཚོགས་བཅར་བའི་དྲི་བ་ཁག་ལ་བཀའ་ལན་ཡང་མཛད་ཡོད་པ་བཅས།།