༢༠༡༡ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༢༡ ཉིན་ཕ་ཚེ་འདས་བསྟན་འཛིན་གཡུ་རྒྱལ་དང་། མ་ཚེ་དཔག་སྒྲོལ་མ་གཉིས་ལ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༥ ལོར་པ་ཏི་ཀུལ་བོད་ཁྱིམ་ནས་འཛིན་རིམ་བརྒྱད་པ་སློབ་ཐོན་པ་དང་། ཕྱི་ལོ་ ༢༠༠༠ ལོར་རྡ་སྟེང་བོད་ཁྱིམ་ནས་འཛིན་རིམ་བཅུ་གཉིས་ཐོན། དེ་ནས་ཕྱི་ལོ་ ༢༠༠༡ ཟླ་ ༧ ནས་ ༢༠༠༣ ཟླ་ ༡༢ བར་ལོ་གཉིས་རིང་ལྡེ་ར་ལྡུན་བོད་ཁྱིམ་ལག་ཤེས་ཁང་དུ་ཀམ་པུ་ཊར་སྦྱོང་བརྡར་གནང། ཕྱི་ལོ་ ༢༠༠༣ ཟླ་ ༩ ནས་ ༡༢ བར་ཟླ༌བ་གསུམ་རིང་ཅན་དྷི་སྒར་དུ་ (Personality Development and Communication Skill) སྐོར་སློབ་སྦྱོང་གནང་། དེ་ནས་ལོ་གཅིག་རིང་རྒྱ་གར་གྱི་གྲོང་ཁྱེར་ཅན་དྷི་སྒར་དུ་(Call Centre Customer Care-executive)ཕྱག་ལས་གནང་ཡོད། དེ་རྗེས་མངའ་རིས་སྤྱི་མཐུན་ཚོགས་པའི་དྲུང་ཡིག་གི་ལས་འཁུར་ཞུས། དེ་བཞིན་ཁོང་གིས་གཏོང་ལེན་ཐེབས་རྩ་ཚོགས་པ་དང། ལོངས་ཤོག་ཚོགས་པ། རྡ་ས་ས་གནས་གཞོན་ནུ་བཅས་ཚོགས་སྐྱིད་ཁག་གི་ནང་ལས་འཁུར་མང་དག་ཅིག་གནང་འདུག
དེ་བཞིན་ཐེངས་འདིའི་འོས་མི་གཉིས་ལ་ཐོབ་པའི་འོས་གྲངས་སྐོར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལྟར་ན། དངོས་གཞི་འོས་བསྡུ་སྐབས་འོས་ཤོག་གྲངས་ ༩༤༤ འགྲེམས་སྤེལ་ཞུས་ཡོད་པ་དང། དེ་ནས་འོས་ཤོག་གྲངས་ ༢༢ རྩིས་མེད་དུ་ཕྱིན་འདུག ད་རེས་བསོད་ནམས་རྡོ་རྗེ་ལགས་སུ་འོས་གྲངས་བརྒྱ་ཆ་ ༥༣།༦ ཐོབ་ཡོད་པ་དང། བུ་ཆུང་བཀྲ་ཤིས་ལགས་སུ་འོས་གྲངས་བརྒྱ་ཆ་ ༤༤།༠༦ ཐོབ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་འདུག
དེ་ཡང་འོས་ཐོབ་པ་རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་འོས་ཤོག་དྲིལ་བསྒྲགས་གནང་སྐབས་དམིགས་ཡུལ་གཉིས་ཡོད་པ་ནི། ༡༽བཞུགས་སྒར་དུ་༸གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་ལས་འགུལ་སྔར་ལས་ཀྱང་ཚགས་ཚུད་དང་། རྒྱ་གར་གཞུང་ལ་འབོད་སྐུལ་ཞུས་ཏེ་རྡ་སའི་ཉེ་འཁོར་ཕེབས་ལམ་སོགས་ཡར་རྒྱས་གཏོང་རྒྱུ།
༢༽རྒྱ་གར་གྱི་ཡུལ་མི་དང་མཐུན་སྒྲིལ་ཡར་རྒྱས་གོང་འཕེལ་དང་། རྒྱ་གར་གྱི་ཡུལ་མི་རྣམས་ནས་བོད་དོན་ཐོག་རྒྱབ་སྐྱོར་གང་ལེགས་ཐོབ་པའི་ལས་འགུལ་བརྩམ་རྒྱུ། ཕྱོགས་རིས་མེད་པའི་རང་རིགས་ཉམ་ཐག་དང་། གཞོན་སྐྱེས་ལས་མེད་རྣམས་ཀྱི་ཆེད་དམིགས་བསལ་རོགས་འདེགས་ཞུ་རྒྱུ། འགོ་མང་དབར་གྱི་བར་ཐག་སྤང་སྟེ་མི་མང་གི་དཀའ་ངལ་མངོན་དོན་སྒྲུབ་ཐབས་བྱེད་རྒྱུ་བཅས་ཡིན་འདུག་པ་བཅས། །
རྡ་ས་ས་གནས་འགོ་འཛིན་དུ་འོས་འདེམས་བྱུང་བའི་བསོད་ནམས་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
གསར་གནས།
འབྲེལ་གནས།