༄༅། །འཕྲོད་བསྟེན་ནི་མིའི་ལུས་སེམས་བདེ་ཐང་ཕུན་སུམ་ཚོགས་པ་ཞིག་ལ་གོ་དགོས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་དང་། བླ་ན་མེད་པའི་བྱམས་བརྩེའི་གཟིགས་རྒྱང་འོག་འཕྲོད་བསྟེན་ལས་ཁུངས་འདི་བཞིན་ཕྱི་ལོ་ ༡༩༨༡ ཟླ་ ༡༢ ནང་དངོས་སུ་དབུ་འཛུགས་གནང་བ་ནས་བཟུང་། རང་རེའི་མང་ཚོགས་ཀྱི་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་གཟིགས་སྐྱོང་གནང་སླད། རང་ལུགས་གསོ་བ་རིག་པའི་ལྟེ་གནས་སྨན་རྩིས་ཁང་དང་ཁྱབ་ཁོངས་ཡན་ལག་སྨན་ཁང་ ༥༥ དང་། ཕྱི་ལུགས་ཟུར་སྐྱོང་བདེ་ལེགས་སྨན་ཁང་། འཕྲོད་བསྟེན་ལས་ཁུངས་ཀྱིས་ཐད་ཀའི་སྟངས་འཛིན་འོག་གཞིས་ཆགས་ཁག་ཏུ་སྨན་ཁང་ཆེ་འབྲིང་ཆུང་གསུམ་ ༥༤ བཅས་ཡོད་པ་ཁག་བརྒྱུད་མང་ཚོགས་ཀྱི་གཞི་རིམ་འཕྲོད་བསྟེན་གཟིགས་སྐྱོང་དུ། ཊི་བྷི་ལྟ་བུ་ཉེན་ཚབས་ཅན་གྱི་ནད་གཞི་སྔོན་འགོག་ལས་གཞི། ཆུ་དང་གཙང་འཕྲོད་ལས་གཞི། མ་དང་བྱིས་པའི་འཕྲོད་བསྟེན་ལས་གཞི། མྱོས་རྫས་ངན་གོམས་འགོག་བཅོས་ལས་གཞི། མཛེ་ནད་སྨན་བཅོས་ལས་གཞི། དབང་པོ་ནུས་མེད་སྤྱིར་གཟིགས་རྟོགས་དང་། བྱེ་བྲག་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭ། ཆབ་སྲིད་བཙོན་ཟུར་འཚོ་སྣོན་དང་སྨན་བཅོས་ལས་གཞི། འཕྲོད་བསྟེན་སློབ་གསོའི་ལས་གཞི། སེམས་ཁམས་འཕྲོད་བསྟེན་ལས་གཞི། སློབ་གྲྭ་ཁག་གཅིག་ལ་སྲོལ་རྒྱུན་སྐྱེ་ལྡན་ཟ་འབྲུའི་ལས་གཞི་དང་། ནད་རིགས་གྲངས་ཐོ་ཕྱོགས་བསྡུའི་ལས་གཞི་བཅས་འཕྲོད་བསྟེན་ལས་ཁུངས་ནང་སྡེ་ཚན་ཆ་བགོས་ཀྱིས་ལག་བསྟར་ཚགས་ཚུད་གང་ལེགས་གནང་དང་གནང་བཞིན་འདུག་པར། ཕྲན་ཕྱི་ལོ་ ༢༠༠༧ ཟླ་ ༡༡ ཚེས་ ༢༩ ཉིན་འཕྲོད་བསྟེན་བཀའ་བློན་གྱི་ལས་འཁུར་དངོས་སུ་ཞུ་སྐབས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཚོགས་འཕྲོད་བསྟེན་གཟིགས་སྐྱོང་གི་གནས་སྟངས་ལེགས་པའི་རང་བཞིན་འདི་འདྲ་ཞིག་ཡོད་པར་དགའ་སྤོབས་དང་། འདས་པའི་དབུས་ས་གཉིས་ཀྱི་ལས་བྱེད་ཆེ་ཕྲ་ཚང་མར་རྗེས་སུ་ཡི་རང་ཞུ་འོས་སུ་མཆིས། འོན་ཀྱང་ས་གནས་སྨན་ཁང་ཁག་ལ་སྨན་པ་མ་འདང་བའི་དཀའ་ངལ་ཡོད་པ་དང་། གཞན་ཡང་གཉན་ནད་རེག་དུག་ལྟ་བུའི་འཛམ་གླིང་ཁྱོན་ཡོངས་སུ་ཉེན་ཚབས་དང་ཛ་དྲག་ཏུ་རྩིས་པའི་ནད་གཞི་ཁག་གཅིག་ཐོག་རང་རེའི་སྤྱི་ཚོགས་ནང་གོ་རྟོགས་གོང་འཕེལ་དང་སྔོན་འགོག་གི་སློབ་གསོ་ཡང་འདང་མིན་གྱི་ཞན་ཆ་ཡོད་པའི་མཐོང་ཚུལ་བྱུང་བ་བཅས། སྐབས་དེའི་དྲུང་ཆེ་དང་། འབྲེལ་ཡོད་ལས་བྱེད་རྣམས་དང་གོ་བསྡུར་ལྷུག་པོ་ཞུས་ཏེ་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་གསེང་གིས་བཀའ་འཁྲོལ་སྩལ་སྨིན་ལྟར། སྨན་པ་རྣམས་ཀྱི་གསོལ་ཕོགས་བརྒྱ་ཆ་ ༡༠༠ སྤར་ཆ་ཞུས་ཏེ་ས་གནས་སུ་སྨན་པ་རྒྱུན་གནས་དང་རེ་ཟུང་གསར་བསྐོ་ཡང་བྱུང་ཡོད་། རང་རིགས་སྤྱི་དང་། ལྷག་པར་གཞོན་སྐྱེས་ཚོར་དམིགས་ཏེ་འཕྲོད་བསྟེན་ལས་གཞིའི་ཁ་ཕྱོགས་ཛ་གལ་ཆེ་ཆུང་བང་རིམ་སྒྲིག་ཏེ། གཉན་ནད་རེག་དུག་གོ་རྟོགས་གོང་འཕེལ་གྱི་སློབ་གསོ། ཊི་བྷི་འགོག་བཅོས་ལས་གཞི། མྱོས་རྫས་ངན་གོམས་འགོག་བཅོས་ལས་གཞི། མཆིན་པའི་གཉན་ཚད་འགོག་བཅོས་ཀྱི་ལས་གཞི་དང་ཁྲག་ཤེད་དང་གཅིན་སྙི་ལྟ་བུའི་ཟས་སྤྱོད་ཀྱི་ལམ་ནས་སྔོན་འགོག་དགོས་པ་ཁག་བཅས་ལ་ནུས་པ་དང་ལྡན་པའི་ལས་འགུལ་སྤེལ་ཐབས་ཞུས་དང་ཞུ་བཞིན་ཡོད།
དེང་སྐབས་ཐེ་ཝན་ལྷོ་ཕྱོགས་ས་ཁུལ་ཁག་ནང་དུག་སྦྲང་གི་སྒོ་ང་ཟ་མཁན་ཉ་ཆུང་གསོ་སྐྱོང་གིས་འདར་ཚད་(Malaria) རྩ་མེད་འགྲོ་བའི་ཚན་རིག་དང་ལྡན་ཞིང་ཁོར་ཡུག་ལ་མི་གནོད་པའི་ལས་གཞི་ཞིག་འདུག་པ་དེ་ལྟ་བུའི་ལས་གཞི་ཞིག ཨོ་རི་ས་དང་། མན་སྤར་སོགས་འདར་ཚད་ཀྱི་ཉེན་ཚབས་ཡོད་པའི་རང་རེའི་གཞིས་སྒར་ཁག་ནང་དུའང་ལག་བསྟར་ཞུ་རྒྱུར་རིང་མིན་ཨོ་རི་ས་ནས་འགོ་འཛུགས་གནང་གཏན་འཁེལ་བ་ཡིན། མང་ཚོགས་ཀྱིགཞི་རིམ་འཕྲོད་བསྟེན་བལྟ་སྐྱོང་ད་ཡོད་ཀྱི་མཐུན་རྐྱེན་གང་ལེགས་ཡོད་པ་འདི་ཐོག་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་༼སྨན་ཁང་ཆེ་ཁག་ནང་ཉལ་སྡོད་དགོས་རིགས་དང་། ཛ་དྲག་གི་གཤག་བཅོས་དགོས་རིགས་བཅས༽མཐུན་སྦྱོར་ཡང་ཐོབ་ཐབས་སུ་འཕྲོད་བསྟེན་ཉེན་སྲུང་ལས་འཆར་ཞིག་གོ་སྒྲིག་གནང་རྒྱུ་ཆེས་ཛ་གལ་ཆེ་བར་མཐོང་། དེ་ཡང་། གོང་གསལ་སྨན་བཅོས་རིམ་པ་གཉིས་ཀྱི་སྨན་གྲོན་ཤིན་ཏུ་ཆེ་བས་རང་རིགས་ཕལ་མོ་ཆེ་བ་ནས་སྨན་གྲོན་ཆ་ཚང་རང་ངོས་ནས་གཏོང་རྒྱུ་དཀའ་བ་དང་། གཞུང་ཕྱོགས་ནས་ཀྱང་ཛ་དྲག་སྨན་བཅོས་རོགས་དངུལ་ནས་བརྒྱ་ཆ་གང་ཐུབ་རེ་མཐུན་སྦྱོར་གནང་གི་ཡོད་པ་དེས་དོ་བདག་ལ་ཕན་འབྲས་དེ་ཙམ་ཆེ་བ་མེད་ཀྱང་། གཞུང་ངོས་ནས་ལོ་ལྟར་སྒོར་འབུམ་བརྒྱ་ལྷག་ཙམ་གཏོང་དགོས་ཐབས་འཚོལ་དགོས་པ་བཅས་འདི་མུར་ནམ་རིང་གྲུང་གིས་འཁྱོལ་དཀའ་བའི་གནས་སྟངས་མཐོང་སྟེ་གཤམ་གསལ་ལས་གཞི་ཁག་ཐོག་འཆར་འགོད་ཞུས་པ་ཡིན།
༡༽ ཕྱི་ལོ་ ༢༠༠༩ ཟླ་ ༦ ནང་དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་གསེང་དང་བཀའ་སློབ་ལམ་སྟོན་ཞུས་ཏེ། རྒྱ་གར་ཉེན་སྲུང་ཚོང་ལས་ཚོགས་སྡེ་ཆེ་ཁག་མང་པོར་འབྲེལ་གཏུག་དང་ཉམས་ཞིབ་ཞུས་རྗེས། ཁྱད་ལས་པ་ཆེད་གླས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་ཞུས་པའི་གྲུབ་དོན་སྙན་ཐོར་། འཕྲོད་བསྟེན་ལས་ཁུངས་ནས་གཞུང་མང་མཉམ་རུབ་ཀྱིས་བཙན་བྱོལ་བོད་མི་ཡོངས་ལ་ཁྱབ་པའི་སྨན་བཅོས་ཉེན་སྲུང་ལས་གཞི་ཞིག་གསར་གཏོད་ཞུ་ན་དགེ་ཕན་ཡོད་གནས་གསལ་བ་བཞིན། དཔལ་ལྡན་བཀའ་ཤག་ལྷན་རྒྱས་སུ་སྙན་གསེང་དང་བཀའ་བསྡུར་རིམ་བརྒྱུད་གནང་མཐར། ༢༠༡༠།༧།༡༤ ཉིན་དེ་ལྟར་གནང་འཐུས་ཐག་གཅོད་ཇི་བྱུང་གི་ལས་འཆར་ ༢༠༡༡ ལོའི་ཕྱི་ཟླ་གསུམ་པའི་གྲོས་ཚོགས་སུ་སྙན་གསེང་དང་། མང་ཚོགས་ལ་ ༢༠༡༡ ཟླ་ ༣ ཚེས་ ༩ ཉིན་གསལ་བསྒྲགས་ཟིན་ཏེ་ད་ཆ་ཉེན་སྲུང་ལྟ་བུའི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་ལས་དོན་བརྒྱུད་རིམ་ནང་ཞུགས་ཟིན་ཅིང་། འདི་ལོ་ཟླ་ ༡༠ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་ཞུ་གཏན་འཁེལ་ཡོད།
༢༽ འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་གྱི་གནས་སྟངས་ཞིབ་རྟོག་གིས་དེ་དང་བསྟུན་ཏེ་ས་གནས་སུ་ཉེར་མཁོའི་ལས་གཞི་ཁག་སྤེལ་སླད། དེང་རབས་གློག་འཕྲིན་གྱི་ལམ་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གནས་ཚུལ་ཕྱོགས་བསྡུས་ (Health Information System) ཞིག་གསར་གཏོད་ཞུ་ཐུབ་པ་བྱུང་སྟེ། ད་ཆ་སྐབས་དུས་སོ་སོར་གཞིས་སྒར་ཁག་ཏུ་རང་རེའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་ཇི་ལྟར་ཡོད་མེད་འཕྲོད་བསྟེན་ལས་ཁུངས་ནས་ལམ་འཕྲལ་རྟོགས་ཐུབ་པའི་ཆ་རྐྱེན་ལྡན་ཡོད་པ་ནི་ཆེས་ཡར་ཐོན་གྱི་རང་བཞིན་ཡིན་ཅིང་། རང་རིགས་གནས་ཡུལ་ས་གནས་གང་དང་གང་དུ་འགོས་ནད་སོགས་ནད་རིགས་ཁྱབ་བདལ་བྱུང་ཚེ་དེ་དག་སྔོན་འགོག་ཆེད་དགོས་ངེས་ཆ་རྐྱེན་བསྐྲུན་རྒྱུར་ཕན་ཐོགས་ངེས་ཅན་ཡོང་རྒྱུ་དང་། དེ་བཞིན་དུས་ཀུན་སྔོན་འགོག་སློབ་གསོའི་ལས་རིམ་གྱི་ཁ་ཕྱོགས་བསྟེན་ཕྱོགས་ལ་ཡང་ཤིན་ཏུ་གལ་གནད་ཆེ་བའི་མང་ཚོགས་ཀྱི་སྨན་བཅོས་བལྟ་སྐྱོང་ལས་གཞིའི་འགན་ཁུར་ལེན་ཕྱོགས་ཐོག་མེད་དུ་མེད་རུང་བའི་ཆ་ལག་ཞིག་ཀྱང་ཡིན།
༣༽ རང་རེའི་སྨན་ཁང་ཁག་ནང་སྨན་པ་འདང་མིན་གྱི་དཀའ་ངལ་ཆེ་འཕྲད་ཐོག་སྨན་པ་ཡོད་པ་རྣམས་ཀྱང་སྨན་སློབ་ཐོན་མ་ཐག་པའི་སྨན་པ་གསར་པ་མང་བར་བརྟེན། ཁོང་རྣམས་ཀྱི་མཁྱེན་རྒྱ་དང་ཉམས་མྱོང་གོང་འཕེལ་ཡོང་ཐབས་སྤྱི་དང་། ལྷག་པར་ཁྱད་མཁས་སྨན་པ་ཁག་ལ་ནད་གཞི་བྱེ་བྲག་པའི་ཐོག་གོ་བསྡུར་ལམ་སྟོན་བདེ་བླག་ཐོབ་སླད། དེང་དུས་རྒྱ་གར་དང་ཐེ་ཝན་སོགས་སུ་ལག་ལེན་གནང་མུས་ལྟར། གློག་ཀླད་དཔར་འཕྲིན་བརྒྱུད་ཁྱད་མཁས་སྨན་པ་དང་ཐད་ཀར་འབྲེལ་མཐུད་ཀྱིས་རྒྱང་བཅོས་ (Telemedicine) ལམ་ལུགས་ཤིག་ཀྱང་འདི་ལོར་དབུ་འཛུགས་ཞུ་གཏན་འཁེལ་ཏེ། (Teleradiology Solutions, Bangalore) ཁྱད་མཁས་སྡེ་ཚན་སྨན་ཁག་དང་གོ་བསྡུར་ཞུ་བཞིན་པ་ཡིན།། གོང་སྨོས་བཞིན། འདས་པའི་ལོ་མང་གི་བརྒྱུད་རིམ་ནང་རང་རིགས་སྡོད་སྒར་ཁག་ཏུ་དགོས་ངེས་གཞི་རིམ་གྱི་འཕྲོད་བསྟེན་རྨང་གཞི་ལེགས་པར་ཚུགས་ཏེ། ད་ཆ་གོམ་གང་མདུན་སྤོས་ཀྱིས་གསར་གཏོད་ཀྱི་རྣམ་པ་ཅན་གྱི་ལས་གཞི་འདི་དག་གུས་པའི་ལས་རྒྱུན་རིང་འགོ་འཛུགས་ཞུ་རྒྱུའི་ལས་སྐལ་ཐོབ་པ་འདི་དཔལ་ལྡན་བཀའ་ཤག་ནས་རྒྱབ་སྐྱོར་ལམ་སྟོན་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་འཕྲོད་བསྟེན་གོང་འཕེལ་ཐོག་ལས་འགུལ་སྤེལ་བཞིན་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་མཁན་ཕྱི་ནང་ཚོགས་སྒེར་ཁག འཕྲོད་བསྟེན་ལས་འགུལ་ཁག་ཚགས་ཚུད་ཡོང་རྒྱུར་རམ་འདེགས་གནང་བཞིན་པའི་བོད་གཞུང་གི་དབུས་དང་ཕྱོགས་མཐའི་ལས་བྱེད་སྤྱི་དང་། བྱེ་བྲག་འཆར་འགོད་འགན་འཛིན་མཆོག ཁྱད་པར་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་དབུས་དང་ཕྱོགས་མཐའི་ལས་བྱེད་ཆེ་ཕྲ་ཚང་མས་ལྷག་བསམ་དང་ཧུར་བརྩོན་དང་ལེན་གྱིས་ཕྱར་གྲུ་མཉམ་འདེགས་གནང་བ་བཅས་ཀྱི་འབྲས་བུར་སོང་། ཀུན་ལ་གུས་པས་སྙིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་། ཆབས་ཅིག་ལས་གཞི་འདི་དག་རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བྱ་གཞག་རྣམས་རིམ་པས་གཞན་རྟེན་མ་དགོས་པར་དེང་དུས་དང་མཐུན་ཞིང་ཡར་ཐོན་ཅན་དུ་འགྱུར་ཐབས་ཀྱི་རྨང་གཞིར་སོང་འཕྲོད་བསྟེན་ལས་ཁུངས་ནས་འབད་བརྩོན་དང་། འབྲེལ་ཡོད་ཀུན་ནས་མུ་མཐུད་མཐུན་འགྱུར་ཅི་ནས་གནང་སྐྱོང་ཡོང་བ་ཞུ། འཕྲོད་བསྟེན་ལས་གཞི་མཐའ་དག་གེགས་མེད་ལམ་ལྷོང་ཡོང་བའི་སྨོན་ལམ་བཅས། །འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་པས། ༢༠༡༡ ཟླ་ ༨ ཚེས་ ༧ ལ།། །།