༢༠༡༡ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༤ ཉིན་ས་རཱ་མཐོ་སློབ་ཀྱི་སྐབས་བརྒྱད་པའི་གཞོན་ནུའི་རུ་ཁག་གི་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་དང་། མདོ་སྨད་སྤྱི་འཐུས་དང་ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་བསོད་ནམས་རྒྱན་མཚན་ལགས། དབུས་ས་གཉིས་ཀྱི་གཞོན་ནུའི་སྐུ་ཚབ། ཕྱོགས་མཐའ་ཁག་ནས་ཕེབས་པའི་བགྲོ་གླེང་རྣམ་པ། ས་རཱའི་སློབ་ཕྲུག་སོགས་མི་གྲངས་ ༣༠༠ བརྒལ་བ་ཚང་འཛོམས་ཀྱིས་མཛད་སྒོའི་ཐོག་མར་ཚང་མས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་རྗེས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བསོད་ནམས་ལགས་ཀྱིས་བོད་ཀྱི་རིག་གནས་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་གནང་། དེ་ནས་ས་རཱ་མཐོ་སློབ་ཀྱི་རྒྱལ་རབས་དགེ་རྒན་བསོད་ནམས་རྒྱལ་མཚན་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་བོད་པ་ཚོས་རིག་གནས་ཞེས་བརྗོད་སྐབས་རིག་པའི་གནས་བཅུ་ཁོ་ནར་གོ་བ་ལས་གཞན་ལ་བསམ་བློ་འཁོར་གྱི་མེད། སྤྱིར་རིག་གནས་ཞེས་པར་གཞུང་ལུགས་ཡོད་པ་དང་། སྤྱི་ཚོགས་ནང་རྒྱུན་སྲོལ་ལྟ་བུར་གྱུར་བའི་མི་སོ་སོའི་བསམ་བློའི་ཉམས་མྱོང་། སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་ཏེ་གསར་གཏོད་བྱས་པའི་རིག་གནས་སོགས་མང་པོ་ཞིག་ཡོད། དེ་བཞིན་བོད་མི་ཚོར་ཡང་ནང་བསམ་བློའི་རིག་གནས་སོགས་མི་རིགས་དང་རྒྱལ་ཁབ་གཞན་ལ་མེད་པའི་རིག་གནས་ཕྱུག་པོ་ཞིག་ཡོད་པ་དེ་དག་ཕྱི་ཕྱོགས་སུ་མངོན་ཐུབ་པ་བྱེད་དགོས་པ་མ་ཟད། མི་རབས་ནས་མི་རབས་སུ་བརྒྱུད་སྤྲོད་བྱེད་ཐུབ་པ་ཡང་གནང་དགོས། ས་རཱ་མཐོ་སློབ་ཀྱིས་གཙོས་མཐོ་སློབ་གང་ཡིན་རུང་རང་མི་རིགས་ཀྱི་རིག་གནས་སྦྱང་ཐོག་ཕྱིའི་རིག་གནས་ལ་ཡང་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་བགྲོ་གླེང་གི་ནང་དོན་གཙོ་བོ་༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་གླེང་བ། ༽ཞེས་པ་འདི་ཡིན་ཞིང་། ཕྱི་ཚེས་ ༢༤ ཉིན་ཕྱེད་ཡོལ་རྒན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་དོན་དངོས་ལོ་རྒྱུས་ལ་དཔྱད་ཞིབ།༽ཅེས་པའི་ཐོག་གཏམ་བཤད་དང་། ཕྱི་ཚེས་ ༢༥ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་ཀྱིས་༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་རྩོམ་རིག་ཁ་ཕྱོགས་དང་འཕེལ་རིམ། ངོ་བོ།༽བཅས་ཀྱི་སྐོར་ལ་གཏམ་བཤད། ཕྱི་ཚེས་ ༢༦ ཉིན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་༼བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོ། འབྱུང་འགྱུར་རྒྱལ་སྤྱིའི་གནས་བབས་དང་མཐུན་པའི་ཁ་ཕྱོགས།༽ ཞེས་པའི་ཐོག་གཏམ་བཤད། ཕྱི་ཚེས་ ༢༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་རྒན་སངས་རྒྱས་བསྟན་དར་ལགས་ཀྱིས། ༼གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་རིམ༽ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
ད་ཐེངས་ཀྱི་བགྲོ་གླེང་དུ་མཐོ་སློབ་ཁག་ ༡༣ ནས་བགྲོ་གླེང་བ་ ༢༤ དང་ཟུར་ཉན་ ༡༥ བཅས་ཁྱོན་མི་གྲངས་ ༣༩ ནས་ཚོགས་ཞུགས་གནང་འདུག་པ་བཅས། །
བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པ་ས་རཱ་མཐོ་སློབ་ཏུ་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།