༢༠༡༡ ཟླ་ ༨ ཚེས་ ༣༡ རེས་གཟའ་ལྷག་པ།
རྙོག་གླེང་གི་བྱུང་རིམ་ལོ་རྒྱུས།
༄༅། །བསྟན་འཛིན་སྒང་གཞིས་གྲོང་དང་པོའི་ནང་གནས་སྡོད་གཞིས་མི་དཀོན་མཆོག་བསྟན་པ་དང་བཟའ་ཟླ་པ་སངས་སྒྲོལ་མ་གཉིས་ཀྱི་དབར་ལ་དམན་རིན་འཛིན་སྒྲོལ་མས་ལོ་མང་སྔོན་ནས་འབྲེལ་བ་བྱེད་བཞིན་ཡོད་པ་ལ་དོ་བདག་ནང་ཁུལ་ནས་མནའ་སྐྱེལ་དམ་བཅའ་དང་སློབ་གསོ་རབས་དང་རིམ་པ་ཕྱི་ནང་གཉིས་ཀྱི་སྤུན་མཆེད་རྣམས་ནས་བརྒྱབ་སྟེ་ནང་འགྲིག་བྱས་པ་ལས་ས་གནས་ཀྱི་སྤྱི་མི་བརྒྱ་དཔོན་སུ་ལའང་ཞུ་གཏུགས་མ་བྱས་པ་དངོས་ཡོད་རེད་འདུག དེ་ནས་ཉིན་ཤས་སྔོན་དམན་པ་སངས་སྒྲོལ་མས་ཁོ་མོའི་བཟའ་ཟླ་དཀོན་མཆོག་བསྟན་པའི་ལག་ཐོག་ཁ་པར་བརྒྱུད་དམན་རིན་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པའི་དབར་གབ་མཐུན་གྱིས་ལུས་འབྲེལ་བྱས་པའི་འདྲ་པར་དངོས་མཐོང་ལག་འཛིན་བྱུང་བ་ལ་ཁོ་མོ་ཡིད་ཀྱི་མ་བཟོད་པར་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཟའ་ཟླ་དཀོན་མཆོག་བསྟན་པ་ས་གནས་སུ་མེད་པ་དང་སྐབས་བསྟུན་དམན་པ་སངས་སྒྲོལ་མས་ནང་མི་སྤུན་མཆེད་མཉམ་ངན་གྲོས་ཀྱིས་དམན་རིན་འཛིན་སྒྲོལ་མ་ལ་ཉེས་རྡུང་དང། མགོ་སྐྲ་གཏུབ་པ། གདོང་ནག་བཟོས་པ། མཐར་གཅེར་བུ་བཟོས་ཏེ་འཐེན་དྲུད་ཀྱིས་ཁྲོམ་སྐོར་བྱས་པ་སོགས་གཞིས་ཆགས་ཙམ་དུ་མ་ཟད། བོད་མི་ཡོངས་ཀྱི་བསམ་ཡུལ་ལ་མེད་པའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་བྱས་ཀྱང་དོ་བདག་དམན་རིན་འཛིན་སྒྲོལ་མ་ནས་སྤྱི་བརྒྱ་དང་གཞིས་ལས་ཁང་དུ་སྙན་སེང་ཙམ་ཡང་ཞུས་མེད། འོན་ཀྱང་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པ་ཉིན་ས་གནས་འཐུས་ཚོགས་དང་བརྒྱ་དཔོན་ཡོངས་ནས་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་ཚུལ་འདིའི་ཐད་གཞིས་མི་ཡོངས་ནས་སེམས་འཚབ་ཀྱིས་ངེས་པར་དུ་གྲོས་བསྡུར་དགོས་པ་དང། ཡུལ་མི་ནས་ཀྱང་བསམ་ཚུལ་འདྲ་མིན་གྱིས་ས་གནས་འགོ་འཛིན་ལས་ཁུངས་སུ་དྲི་རྩད་བྱུང་བ་བཞིན་ས་འགོ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་དགོང་དྲོ་ཆུ་ཚོད་ ༨།༠༠ བར་ས་གནས་འཐུས་ཚོགས་མཉམ་འཛོམས་ཐོག་གྲོས་བསྡུར་དང་ཚང་མས་མོས་མཐུན་གྱིས་སྐྱོན་འཛུགས་དང་ཉེས་ཆད་བཅས་ཐག་གཅོད་བྱུང་བ་གཤམ་གསལ།
ས་གནས་མི་མང་ནས་སྐྱོན་འཛུགས།
ཉིན་འདིའི་རྐྱེན་ངན་བྱུང་བ་ལ་བཟའ་ཚང་ཁ་བྲལ་ཆགས་མེད་ལ་མ་ལྟོས་པར་མི་མང་གི་བསམ་ཚུལ་ནང་སྤྱིར་གཞིས་ཆགས་ནང་བཟའ་ཚང་དབར་གྱི་རྙོག་གླེང་ཆེ་ཆུང་ཡོང་བཞིན་ཡོད་པ་ལ་ཐག་གཅོད་ཀྱང་ཆེ་ཆུང་མང་པོ་བྱུང་ཡོད། འོན་ཀྱང་དམན་པ་སངས་སྒྲོལ་མས་རང་ཐག་རང་གཅོད་ཐོག་ཕྱི་མི་མཉམ་ཁྲིད་བྱས་ནས་དམན་རིན་འཛིན་སྒྲོལ་མ་ལ་
ཁྲིམས་བཅད་བཏང་ཡོད་པ་ས་གནས་འགོ་འཛིན་ལས་ཁུངས་དང་གཞིས་ཆགས་ཀྱིས་ཁྲིམས་ལ་བརྩི་སྲུང་མེད་པའི་བྱ་སྤྱོད་ལ་ཐག་གཅོད་དགོས་རྒྱུ།
སྐྱོན་གནད།
དོན་ཚན་དང་པོ། དམན་རིན་འཛིན་སྒྲོལ་མའི་བྱ་སྤྱོད་ལ་པ་སངས་སྒྲོལ་མའི་ནང་མི་སྤུན་མཆེད་ནས་གཅེར་བུར་ཁྲོམ་སྐོར་བྱས་པ།
དོན་ཚན་གཉིས་པ། དམན་པ་སངས་སྒྲོལ་མའི་གཅེན་མོའི་བཟའ་ཟླ་ཕྱི་མི་གཞིས་ཆགས་ནང་དུ་ཁྲིད་ནས་ཐེ་བྱུས་བྱས་པ།
དོན་ཚན་གསུམ་པ། དམན་པ་སངས་སྒྲོལ་མའི་སྤུན་མཆེད་གཅུང་པོ་གཞིས་མི་བསྟན་འཛིན་མཆོག་སྒྲུབ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་པའི་འགན་འཁུར་བྱེད་མི་ཡིན་པའི་ཆ་ནས་བཀག་འགོག་མ་བྱས་པའི་སྐྱོན།
དོན་ཚན་བཞི་པ། རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་དང་དམན་རིན་འཛིན་སྒྲོལ་མ་གཉིས་ཡིན།
ཉེས་ཆད།
དོན་ཚན་དང་པོ་དང་གཉིས་པ། དམན་པ་སངས་སྒྲོལ་མ་དང་ཉིན་དེར་ཡོད་པའི་ནང་མི་སྤུན་མཆེད་རྙོག་གླེང་ནང་ཐེ་བྱུས་བྱེད་མཁན་སྤྱི་ཡོངས་ནས།
༡༽ ༸གོང་ས་མཆོག་གི་སྐུ་པར་མདུན་དུ་མཇལ་དར་དང་འགྱོད་ཕྱག་ཞུ་རྒྱུ་གཙོ་བོར་འགྱུར་བའི་མི་མང་གྱི་སྐུ་ཚབ་མདུན་ལ་དགོངས་སེལ་ཞུ་རྒྱུ།
༢༽ གནས་ཡུལ་ས་གནས་སུ་རྐྱེན་ངན་བར་ཆད་མ་ཡོང་སླད་ས་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བརྒྱུད་བཀའ་ལུང་ཞུས་ནས་ཞབས་རིམ་ཇི་ཕེབས་བསྒྲུབ་རྒྱུ།
༣༽ དངུལ་རྐྱང་ཉེས་ཆད་སྒོར་ ༤༠༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་རྒྱུ།
དོན་ཚན་གསུམ་པ།
༡། གཞིས་མི་བསྟན་འཛིན་མཆོག་སྒྲུབ་ནས་བོད་མིའི་སྤྱི་ཚོགས་སྟེང་གི་འགན་འཁུར་ཆ་ཚང་ཕྱི་ལོ་ ༢༠༡༣ ཟླ་ ༡༢ བར་མཚམས་འཇོག་དགོས་རྒྱུ་དང།
༢། དངུལ་རྐྱང་ཉེས་ཆད་སྒོར་ ༥༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ།
དོན་ཚན་བཞི་པ།
རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་ནས་དངུལ་རྐྱང་ཉེས་ཆད་སྒོར་ ༢༠༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ་དང་དམན་རིན་འཛིན་སྒྲོལ་མ་ལ་དམིགས་བསལ་གྱི་ཉེས་ཆད་གཏོང་མ་དགོས་པའི་ཐག་གཅོད་བྱུང་བའི་རྒྱུ་མཚན་ནི་ཉིན་དེར་ཁོ་མོ་དམན་པ་སངས་སྒྲོལ་མའི་ནང་མི་ནས་ཉེས་རྡུང་དང་ངོ་ཚ་ཚད་མེད་བཏང་བར་འཐུས་པ་ཞུ་རྒྱུའི་སྤྱི་མོས་ཐག་གཅོད་དུ།
མཐའ་དོན། ༡། གོང་གསལ་དངུལ་ཆད་ཆ་ཚང་མ་འོངས་ས་གནས་ཀྱི་ཆོས་ཕྱོགས་ཐོག་བེད་སྤྱོད་གཏོང་རྒྱུ་སྤྱི་མོས་ཐག་གཅོད་དང་བཅད་ཁྲ་ངོ་བཤུས་ཆ་ཚང་གཅིག་དབྱིན་ཡིག་ཐོག་ཡུལ་མི་ལ་འབུལ་རྒྱུ།
༢། བཟའ་ཚང་དབར་གྱི་གནད་དོན་ཐད་ནང་མི་ནང་ཁུལ་འགྲིག་ཐབས་བྱུང་ན་གང་ལེགས་དེ་མིན་ལས་ཁུངས་ནས་ཐག་ཆོད་དགོས་ཚེ་ཐག་གཅོད་བྱ་རྒྱུ།
༣། དམན་རིན་འཛིན་སྒྲོལ་མ་ཐད་མ་འོངས་བསྐྱར་དུ་བཟའ་ཚང་དབར་ལ་འབྲེལ་བ་གཞག་མ་ཆོག་པའི་གཞིས་ལས་ཁང་ནས་འགན་འཁུར་གཙོ་བོ་ལེན་པའི་ཐོག་སྤྱི་མི་བརྒྱ་དཔོན་ཡོངས་ཀྱིས་སློབ་གསོ་དང་དོ་བདག་དམན་རིན་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པ་གཉིས་ཀྱི་དབར་ཡིག་ཐོག་ཁས་ལེན་ལོགས་སུ་འཇོག་རྒྱུ་བཅས་སྤྱི་མོས་ཐག་གཅོད་དུ། བསྟན་འཛིན་སྒང་ས་གནས་འགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ལ།