༢༠༡༡ ཟླ་ ༨ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་ལོའི་བོད་ཟླ་ ༦ ཚེས་ ༡༠ དང་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་སྐབས་གསུམ་པ་མཁས་དབང་བློ་བཟང་སེང་གེ་མཆོག་གི་ཁྲི་འདོན་མཛད་སྒོ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་བཀའ་ཁྲི་མཆོག་གིས་གནས་ཆུང་གྲྭ་ཚང་དང་། དགའ་གདོང་གྲྭ་ཚང་། གཙུག་ལག་ཁང་བཅས་སུ་རིམ་བཞིན་མཆོད་མཇལ་དུ་ཕེབས་རྗེས་ཆུ་ཚོད་ ༨།༣༠ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་དངོས་གཞིའི་མཛད་སྒོ་དབུ་འཛུགས་ཀྱིས་ཁྱབ་བསྒྲགས་གནང་ཡོད།
མཛད་སྒོའི་ཐོག་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག མང་ཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། རྒྱ་བལ་གཉིས་ཀྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་གནད་ཡོད་སྐུ་མགྲོན་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཕྱི་ནང་གི་གསར་འགོད་རྣམ་པ་སོགས་ཁྱོན་མི་གྲངས་ ༣༥༠༠ བརྒལ་བ་ལྷན་འཛོམས་ཀྱི་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་བདམས་ཐོན་བཀའ་ཁྲི་མཆོག་གིས་སྤོས་སྣེས་སྔོན་བསུས་ནས་གདན་འདྲེན་ཞུས་ཏེ་ཞབས་སྟེགས་སུ་༸ཞབས་སོར་འཁོད་བསྟུན་བཀའ་ཁྲི་མཆོག་དང་།
བཀའ་བློན་རྣམ་པས་མགོན་པོ་གང་ཉིད་མཆོག་ལ་མཇལ་དར་རྐྱང་འབུལ་དང་ཕྱག་དབང་ཞུས་གྲུབ་མཚམས༌ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བདམས་ཐོན་བཀའ་ཁྲི་གསར་པ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་འབུལ་མུར་བཀའ་ཁྲི་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྒྲེང་འཛུགས་ཞུས་ཏེ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་རྗེས་བདམས་ཐོན་བཀའ་ཁྲི་གསར་པ་བློ་བཟང་སེང་གེ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ དང་སྐར་མ་ ༩ སྐར་ཆ་ ༩ ཐོག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་ནས་བཀའ་ཁྲིའི་དམ་འབུལ་ཞུས་ཏེ་དམ་དེབ་ཐོག་མཚན་རྟགས་འགོད་གྲུབ་བསྟུན་བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་སྟེ་བཀའ་ཤག་གི་བཀའ་དམ་བཀའ་ཁྲི་གསར་པར་རྩིས་འབུལ་གནང་།
དེ་ནས་ཁྲིམས་ཞིབ་པ་རྣམ་པ་མཆོག་གིས་དབུས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། བཀའ་བློན་ཁྲི་ཟུར་མཆོག སྲི་ཞུ་བའི་སྐུ་ཚབ་བཀའ་དྲུང་བཅས་ཀྱིས་བཀའ་ཁྲིར་འཚམས་འདྲིའི་མཇལ་དར་ཕུལ་མཚམས་བོད་ཀྱི་ཟློས་གར་ཚོགས་པ་ནས་དུས་ཚིགས་དང་མཐུན་པའི་གཞས་སྣ་གཅིག་ཕུལ། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ།
དེ་ནས་བཀའ་ཁྲི་གསར་པ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་གྲུབ་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་གསར་པ་ལྷན་ཞུགས་ཐོག་གསར་འགོད་པར་སྐུ་པར་ལྷན་བསྒྲོན་གྱི་གོ་སྐབས་སྩལ་རྗེས་མགོན་པོ་གང་ཉིད་མཆོག་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཏེ་དམ་འབུལ་མཛད་སྒོ་གྲོལ། དེ་རྗེས་བཀའ་ཤག་གི་ཡང་སྟེང་ཚོགས་ཁང་དུ་བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་པར་ཐུག་འཕྲད་གྲུབ་མཚམས་བཀའ་ཁྲི་མཆོག་གིས་བཀའ་ཁྲི་ཟུར་པ་དང་ལྷན་བཀའ་ཁྲིའི་ལས་ཁུངས་སུ་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་རྒྱུས་སྟོན་གནང་ཡོད་པ་བཅས། །