༢༠༡༡ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༦ ཉིན་རྡ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་ས་རཱ་མཐོ་སློབ་གཞོན་ནུའི་རུ་ཁག་ནས་གོ་སྒྲིག་འོག་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་ལྔ་པའི་བརྗོད་གཞི་གཙོ་བོ་གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་འཕེལ་རིམ་སྐོར་གླེང་བ། ཞེས་པའི་ཉིན་གསུམ་པའི་ལས་རིམ་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་ངོ་བོའི་སྐོར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བཀའ་ཁྲི་མཆོག་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས།
བོད་མི་མང་སྤྱི་འཐུས་དང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ཕྱོགས་མཐའ་ཁག་ནས་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་དང་། དེ་གའི་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་ལྷན་འཛོམས་ཐོག་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་བཀའ་ཁྲི་མཆོག་ལ་ཐོག་མའི་འཚམས་འདྲི་དང་སྦྲགས་ལས་དོན་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུས་རྗེས་ས་རཱ་མཐོ་སློབ་གཞོན་ནུ་ཚོགས་གཙོའི་ལས་རོགས་སློབ་མ་ངག་དབང་བརྩོན་འགྲུས་ལགས་ཀྱིས་བཀའ་ཁྲི་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་རིག་གནས་ཀྱི་བགྲོ་གླེང་ཐེངས་ལྔ་པ་གོ་སྒྲིག་གནང་མཁན་གྱིས་གཙོས་སློབ་སྤྱི་དང་དགེ་ལས་སློབ་ཕྲུག་ཡོངས་ལ་ཐོག་མར་ངས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ངའི་བརྗོད་གཞི་གཙོ་བོ་དེ་ཆབ་སྲིད་དང་མང་གཙོའི་སྐོར་ཤོད་རྒྱུ་རེད་འདུག གཙོ་ཆེ་ཤོས་དགའ་ལྡན་ཕོ་བྲང་དང་ཡང་སྒོས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་གོམ་སྟབས་རིམ་སྤོས་མཛད་པར་བརྟེན་ང་ཚོའི་སྤྱི་ཚོགས་འདི་ཡང་དག་པའི་མང་གཙོའི་ལམ་དུ་སྐྱོད་བཞིན་ཡོད་པ་ཕལ་ཆེར་ཁས་ལེན་ཆོག་གི་རེད། སྤྱིར་ནུབ་ཕྱོགས་པའི་ལྟ༌གྲུབ་ཡིན་ན། རྒྱབ་རྟེན་གྱི་ལོ་རྒྱུས་ལ་ལྟ་དགོས་ཀྱི་ཡོད། འོན་ཀྱང་ང་ཚོའི་མང་གཙོའི་སྤྱི་ཚོགས་ཀྱི་རྒྱབ་རྟེན་ལ་བལྟས་ན་གཙོ་བོ་ཆེ་ཤོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱིས་མང་གཙོའི་ལྟ་གྲུབ་གཞི་བཞག་མཛད་པའི་ཐོག་ནས་དེར་ཐུགས་སྣང་མཛད་པ་དེ་དག་ལས་བྱུང་བ་ཞིག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་གཙོར་ཡིད་ཆེས་གཏན་པོ་མཛད་མཁན་ཡིན་པ་དེ་ག་ནས་གསལ་པོ་ཆགས་འདུག་ཅེས་ཞུས་ན། དུས་རྒྱུན་དུ་༸གོང་ས་མཆོག་གིས་མང་གཙོ་དང་ཆབ་སྲིད་ཐོག་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ལོར་རུ་སུ་ཐོར་བཤིག་ཕྱིན་རྗེས་ཤར་ཡུ་རོབ་ཁོངས་གཏོགས་སུ་མི་མང་གིས་མང་གཙོ་རྩོད་མཁན་ཧ་ཅང་མང་པོ་བྱུང་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་༸གོང་ས་མཆོག་སྐུ་སྒེར་གྱིས་མི་མང་ལ་མང་གཙོ་གསོལ་རས་སྩལ་བ་མ་ཟད། ཉེ་ཆར་ཐུགས་ཐག་ཆེན་པོ་དེ་འདྲ་ཞིག་གཅོད་གནང་མཛད་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་སྐུ་དབང་བདག་གིར་བཞེས་ཏེ་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་བཙུགས་གནང་མཛད་པ་རེད། དེ་ནི་ཞིང་འབྲོག་ཉམ་ཐག་རྣམས་ལ་སྡེ་པ་གཞུང་གི་དཔྱ་ཁྲལ་ཆེན་པོ་དེ་འདྲ་ཕོག་ཡོད་ན། དཔྱ་ཁྲལ་ཆག་ཡང་གཏོང་རྒྱུའི་ལས་འགུལ་མཛད་ཡོད། འོན་ཀྱང་རྒྱ་ནག་གུང་ཁྲན་ཏང་གི་དམག་དཔུང་བོད་དུ་བསླེབས་རྗེས་མགོན་པོ་གང་ཉིད་མཆོག་གིས་མི་མང་ལ་ཕན་པའི་ལས་ཁུངས་འཛུགས་གནང་མཛད་ཡོད་པ་དེ་ཡང་རྒྱ་ནག་གཞུང་ནས་སྒོ་བརྒྱབ་བཅུག་པ་རེད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ན་ཆུང་དུས་ནས་མང་གཙོར་ཐུགས་སྣང་ཆེན་པོ་མཛད་མཁན་ཞིག་ཡིན་པ་ནི་སྨོས་མི་དགོས་པ་ཞིག་རེད། ཕྱི་ལོ་ ༡༩༥༩ ལོར་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་རྗེས་མང་གཙོ་དངོས་སུ་ཕྱག་བསྟར་མཛད་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་།
ལྷག་པར་བཀའ་ཁྲི་མཆོག་གིས་གསུང་དོན། ༸གོང་ས་མཆོག་གིས་ང་ཚོ་དེང་དུས་ཀྱི་གཞུང་བཙུགས་དགོས་རེད་ཅེས་བཀའ་ཕེབས་ཡོད། དེ་ནས་ ༦༠ ཐམ་པའི་ལོར་གྲོས་ཚོགས་ཀྱི་འོས་བསྡུ་བྱས་པ་རེད། འོས་བསྡུ་སྟངས་དེ་དཔེར་ན་སྒང་ཏོག་གི་ལམ་བཟོ་བ་ལྟ་བུ་མཚོན་ན། ཁོང་རྣམས་ཟུར་དུ་འཛོམས་ཏེ་འོས་མི་ཞིག་གི་མིང་བཏོན་ཏེ་དེར་འདོད་པ་ཡོད་མེད་ལག་པ་བརྐྱངས་ཏེ་འོས་ཐོན་པའི་མཚན་གཞུང་དེ་མར་བཏང་ཡོད། སྐབས་དེར་འོས་འཕེན་མཁན་མང་ཆེ་བ་བུ་དེ་ཚོ་མ་གཏོགས་བུད་མེད་དང་གཞོན་སྐྱེས་ཚོ་ཚུད་མེད། དེ་ལས་གཞན་པའི་མདོ་ཁམས་གཉིས་ཚོགས་པ་སོ་སོ་ནས་མིང་གཏོང་བཞིན་ཡོད། ང་ཚོས་མང་གཙོའི་ལམ་ལུགས་ཐོག་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་གྲོས་ཚོགས་ཚོགས་པ་རེད། དེ་ནས་བཟུང་ང་ཚོས་མང་གཙོ་དུས་ཆེན་ཞེས་ལོ་ལྟར་དུས་ཆེན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། མི་ཐོག་རྒན་པ་ཚོས་སྐུ་ལས་སྐྱོན་སྟངས་དེར་ལྟ་སྐབས་དངོས་གནས་གཟི་བརྗིད་ལྡན་པ་ཞིག་རེད་སྙམ་གྱི་ཡོད། ཕྱི་ལོ་ ༡༩༦༣ ལོར་གཟི་བརྗིད་ལྡན་པ་ཞིག་ལ་བུད་མེད་ཀྱི་སྐུ་ཚབ་སྤྱི་འཐུས་ནང་ཐོག་མ་བྱུང་ཡོད། ཕྱི་ལོ་ ༡༩༦༣ ལོར་གྲོས་ཚོགས་ནང་བུད་མེད་ཀྱི་ཐོབ་ཐང་ཡོད་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ནང་མ་གཏོགས་ལུང་པ་མང་པོ་ཞིག་གི་ནང་བུད་མེད་སྐུ་ཚབ་མེད། འོན་ཀྱང་ང་ཚོས་དེ་དུས་འགོ་བཙུགས་བྱས་ཡོད། སུད་སི་ལྟ་བུ་མཚོན་ན་ཕྱི་ལོ་ ༡༩༧༥ རྗེས་ལ་མ་གཏོགས་གྲོས་ཚོགས་བུད་མེད་སྐུ་ཚབ་མེད། ང་ཚོར་དེ་དུས་༸གོང་ས་མཆོག་གིས་གྲོས་ཚོགས་ནང་བུད་མེད་ཀྱི་སྐུ་ཚབ་དགོས་རེད་ཅེས་བཀའ་ཡང་ཕེབས་ཡོད། ཕྱི་ལོ་ ༡༩༧༥ ལོར་གྲོས་ཚོགས་སྐབས་ ༦ པའི་སྐབས་བོན་པོའི་སྐུ་ཚབ་གྲོས་ཚོགས་ནང་ཕེབས་ཡོད། ཆོས་བརྒྱུད་ཆ་ཚང་ནང་སྐུ་ཚབ་ཡོད་པ་ཞིག་ཆགས་ཡོད། དྲུག་ཅུ་རེ་གྲངས་ལོ་དེ་གལ་ཆེན་པོ་ཇི་ལྟར་ཆགས་ཡོད་རེད་ཅེས་ཞུ་ན། རྒྱལ་སྤྱིའི་ཐོག་ནས་ལྟས་ན་མི་སེར་སྤེལ་ཡུལ་ལམ་ལུགས་མཚམས་འཇོག་བྱེད་རྒྱུའི་ཐོག་ལས་འགུལ་ཤུགས་ཆེ་སྤེལ་ཡོད། སྐབས་དེར་རྒྱལ་ཁབ་མང་པོ་ཞིག་ལ་རང་བཙན་དང་འགའ་རེ་མང་གཙོར་འགྱུར་ཡོད། ཕྱི་ལོ་ ༡༩༦༡ ༸གོང་ས་མཆོག་གིས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཞེས་པ་ཤོག་ལྷེ་གསུམ་ལྡན་ཞིག་མར་སྩལ་ཡོད། དེ་ནས་ ༦༣ ལོར་བཅའ་ཁྲིམས་གཏན་འབེབས་གནང་ཡོད། ཤོག་ལྷེ་གསུམ་ལྡན་དང་བཅའ་ཁྲིམས་གཉིས་ཀའི་ནང་གསལ་པོ་ཡོད་པ་ནི་༸གོང་ས་མཆོག་གིས་ཆེད་མངགས་བཀའ་སློབ་ག་རེ་ཕེབས་ཡོད་པ་རེད་ཅེས་ཞུས་ན། ད་ཆ་བཅའ་ཁྲིམས་བཟོས་ཡོད་པ་རེད། དེང་དུས་དང་མཐུན་པའི་མང་གཙོའི་ལམ་ལུགས་ཀྱི་བཅའ་ཁྲིམས་ཚུགས་ཡོད་སྟབས། ཏཱ་ལའི་བླ་མའི་སྒྲིག་འཛུགས་ཡིན་ནའང་ཕྱིར་བསྡུ་བྱེད་ཆོག་རྒྱུའི་དབང་ཆ་དེ་གྲོས་ཚོགས་ལ་དགོས་ཀྱི་རེད་ཅེས་བཀའ་ཕེབས་ཡོད། དེ་དུས་མི་མང་པོ་ཞིག་གིས་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སུ་ཞིག་ནས་ཀྱང་ཕྱིར་བསྡུ་བྱེད་ཆོག་གི་མ་རེད་ཅེས་བརྗོད་ཡོད། འོན་ཀྱང་༸གོང་ས་མཆོག་གིས་དེ་ཆོག་གི་རེད། བཅའ་ཁྲིམས་བཟོས་རྗེས་བཅའ་ཁྲིམས་ཀྱི་འོག་ཆ་ཚང་ཚུད་དགོས་ཀྱི་རེད་མ་གཏོགས་བཅའ་ཁྲིམས་ཀྱི་སྒང་ལ་བསྡད་ན་འགྲི་གི་མ་རེད་ཅེས་བཀའ་ཕེབས་ཡོད། དེ་བཞིན་མང་གཙོའི་འཕེལ་རིམ་སྐོར་དང་འདས་པའི་ལོ་ ༥༠ རིང་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་བསྐྱངས་རིང་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གཞུང་བཅས་ཀྱི་ཐོག་གནས་སྟངས་ཧ་ཅང་ཡག་པོ་ཆགས་ཡོད་སྐོར་གསུང་བཤད་གནང་ཡོད། ཕྱོགས་མཚུངས་བཀའ་ཁྲི་མཆོག་གིས་ང་ཚོའི་ཕུགས་ཀྱི་དམིགས་ཡུལ་བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཞུ་ཐུབ་པ་ཏན་ཏན་ཡོང་གི་རེད་ཅེ་སོགས་དང་། མཐའ་དོན་བཀའ་ཁྲི་མཆོག་གིས་གསུང་དོན། བོད་ནང་ཕྱི་ལོ་ ༢༠༠༨ དང་ཉེ་ཆར་རྔ་པ་ཁུལ་དང་རྟའུ་སོགས་སུ་སོ་སོའི་རང་ལུས་མེར་སྲེག་ག་རེ་བྱས་ཏེ་བློས་གཏོང་བྱས་ཡོད། དེ་དག་ནི་བཙན་བྱོལ་དུ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཡིད་ཆེས་དང་རེ་བ་བྱས་པ་ལས་བྱུང་བ་ཞིག་ཡིན་མ་པ་མ་ཟད། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། རྩ་དོན་མ་བརླག་པར་འགན་འཁྱེར་བྱེད་རྒྱུ་དེ་ནི་ང་ཚོའི་འགན་འཁྲི་ལས་འགན་རེད། ཉིན་རེའི་དཀའ་ངལ་སྡུག་སྦྱོང་དེ་དག་འཁྱེར་ཏེ་ང་ཚོར་དམིགས་བསལ་གྱི་འགན་དང་གོ་སྐབས་ཡོད་པ་དེ་དམ་འཛིན་བྱས་ཏེ་སློབ་སྦྱོང་ཡག་པོ་བྱས་ཐོག་མ་འོངས་པར་རྩ་དོན་རྩོད་རྒྱུར་སྤོབས་པ་དང་གདེང་ཚོད་ཐུབ་པ་དགོས་ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་དྲིས་ལན་གནང་ཡོད། དེ་ནས་ས་རཱ་མཐོ་སློབ་གཞོན་ནུའི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུས་ཏེ་བགྲོ་གླེང་གྲོལ་བ་བཅས།
ད་ཐེངས་ཉིན་བཞིའི་བགྲོ་གླེང་འདིར་གཞུང་ས་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བསྐྱངས་རིང་ཕྱི་འབྲེལ་དང་། ཆབ་སྲིད་ལམ་ལུགས། རྩོམ་རིགས། སྨན་རྩིས། དཔར་སྐྲུན་བྱ་གཞག ཁོར་ཡུག བཟོ་རིག མང་གཙོ་འཕེལ་རིམ། དགོན་སྡེའི་དཔལ་འབྱོར་དང་གྲྭ་བཙུན་ཁ་གྲངས་བཅས་ཀྱི་བརྗོད་གཞིའི་ཐོག་བཀའ་ཁྲི་མཆོག་གིས་དབུས་ཤེས་ཡོན་ཅན་མི་དྲུག་དང་མཐོ་སློབ་ཁག་གི་སྐུ་ཚབ་སོ་སོས་གསུང་བཤད་གནང་ཡོད་པ་བཅས། །