༢༠༡༡ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ཨོ་སི་ཊོ་ལི་ཡའི་ནང་བོད་དོན་འཚམས་གཟིགས་གནང་བཞིན་པ་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༧ ཉིན་ཁོང་གིས་རྒྱ་རིགས་མཁས་དབང་ཁག་གཅིག་དང་ཐུག་འཕྲད་གནང་རྗེས་ས་གནས་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བྱང་ཕྱོགས་ཌི་ཝར་སན་ཇོན་སེ་ཚོགས་ཁང་ནང་དུ་བོད་རིགས་ ༢༠༠ བརྒལ་བར་རྒྱལ་གཅེས་པ་སྐུ་ཞབས་ཚེ་དབང་ནོར་བུ་ལགས་དང་བོད་ཀྱི་སྟངས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་དམིགས་བསལ་སྐུ་ཚབ་མཆོག་གིས་གསུང་དོན། རྒྱལ་གཅེས་པ་སྐུ་ཞབས་ཚེ་དབང་ནོར་བུས་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་བ་དེ་ནི་ཕྱོགས་གཅིག་ནས་ཧ་ཅང་བློ་ཕམ་དགོས་པ་ཞིག་རེད། གང་ལ་ཞེ་ན་མི་ལུས་རིན་ཆེན་གསེར་ལས་དཀོན་པ་ཡིན་སྟབས་ཧ་ཅང་རྩ་ཆེན་པོ་ཆགས་ཡོད། ཕྱོགས་གཞན་ཞིག་ནས་དེ་ནི་ཧ་ལས་དགོས་པའི་སྙིང་སྟོབས་ཤིག་རེད། གནས་ཚུལ་དེས་གང་ཞིག་སྟོན་གྱི་ཡོད་དམ་ཞེ་ན། བོད་ནང་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་ཛ་དྲག་དང་གདུག་རྩུབ་ཆེན་པོ་ཞིག་ཡིན་པ་གསལ་སྟོན་བྱེད་སྟོན་བཞིན་ཡོད། དེ་དང་ཕྱོགས་མཚུངས་ང་ཚོ་བོད་རིགས་ཀྱི་སྙིང་སྟོབས་ཀྱང་དེ་མཚུངས་ཤུགས་ཆེན་པོ་ཡོད་པ་མཚོན་ཡོད། ང་ཚོ་སྐུ་ཚབ་ཚོའི་ངོས་ནས་རྒྱ་ནག་གཞུང་དང་ལྷན་གོ་བསྡུར་བྱེད་སྐབས་རྒྱ་ནག་གཞུང་ནས་བོད་ནང་དུ་ད་ལྟའི་བྱེད་སྟངས་དེ་ལྟར་མུ་མཐུད་བྱས་ཚེ། ནམ་ཞིག་བོད་མི་རྣམས་འུ་ཐུག་སྟེ་མཐའ་མ་རྒྱ་ནག་གཞུང་བྱེད་ཐབས་བྲལ་བའི་གནས་ཚུལ་དེ་འདྲ་ཆགས་ཀྱི་རེད། ཅེས་མང་དག་ཅིག་བརྗོད་མྱོང་། དེ་བཞིན་བོད་ནང་ཡོད་པའི་བོད་མི་ཚོའི་ངོས་ནས་ལས་འགུལ་གྱི་སྣེ་འཁྲིད་མ་གནང་བ་ཡིན་ན། རིམ་བཞིན་ལས་འགུལ་དེ་དག་འཇའ་ལྟར་ཡལ་འགྲོ་རྒྱུའི་ཉེན་ཁ་ཡོད། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཆོལ་ཁ་གསུམ་ནང་ཡོད་པའི་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞུམ་མེད་ཐོག་ནས་བོད་ལ་རྒྱ་ནག་གཞུང་གིས་འཛིན་བཞིན་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་གནང་བའི་གནས་ཚུལ་བྱུང་སྟབས། ང་ཚོ་ཕྱི་ཕྱོགས་སུ་ཡོད་པ་རྣམས་ཀྱིས་ཀྱང་རྣམ་པ་འདྲ་མིན་གྱི་སྒོ་ནས་བོད་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་རེད། མདོར་ན་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་སྣེ་འཁྲིད་གནང་མཁན་བོད་ནང་ཡོད་པའི་བོད་མི་ཚོས་གནང་བཞིན་འདུག་ཅེས་གསུང་བཤད་གནང་བ་མ་ཟད། ད་དུང་ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་དང་དེ་བཞིན་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་སོགས་མང་ཚོགས་ལ་གསུང་བཤད་གནང་སྟེ་ཁོང་ཚོའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས། །
དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌེ་ནིའི་བོད་རིགས་རྣམས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།