༢༠༡༡ ཟླ་ ༨ ཚེས་ ༡༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕ་རན་སིའི་གྲོང་ཁྱེར་མོན་ཊི་སེ་ལི་ཕིར་(Mont Saleve, France)ནང་དུ་གསར་བཞེངས་གནང་བའི་ནང་པའི་ཆོས་ཚོགས་བཤད་སྒྲུབ་ཆོས་འཁོར་གླིང་དབུ་དབྱེད་དང་རབ་གནས་མཛད་ཡོད། ཆོས་ཚོགས་དེར་༸གོང་ས་མཆོག་ཆིབས་སྒྱུར་སྐྱོང་སྐབས་བོད་རིགས་དང། སོག་པོ། སུད་སི་མི་རིགས། ཕ་རན་སི་མི་རིགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། གཞན་ཡང་སྐབས་དེར་ཨུ་རུ་སུ་ནས་ནང་པ་ཁག་གཅིག་ཀྱང་མཉམ་ཞུགས་གནང་ཡོད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གི་མཁན་རིན་པོ་ཆེ་མཆོག་དང། དབུ་མཛད། དགེ་འདུན་པ་བཅས་ཀྱིས་དབུ་འབྱེད་དང་རབ་གནས་ཀྱི་མཛད་སྒོ་དབུ་འཛུགས་གནང།
མཛད་སྒོའི་ཐོག་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ར་ཡི་ཕེལ་ཇི་མ་ལོབ་(Mr.Raefel Gimalov) མཆོག་གིས་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ནང་པའི་ཆོས་ཚོགས་འདི་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ཁྲོད་བོད་ཀྱི་ནང་ཆོས་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་སྙན་སྒྲོན་ཞུས་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་ཆོས་ཚོགས་འདིར་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང། འདས་པའི་དུས་རབས་མང་པོའི་གོང་སོག་པོ་དང་བོད་པའི་རིག་གཞུང་དབར་འབྲེལ་བ་ཉེ་པོ་ཡོད། ༸རྒྱལ་དབང་སྐུ་ཕྲེང་ ༡༣ པའི་སྐབས་བོད་སོག་དབར་གྱི་འབྲེལ་བ་དམ་ཟབ་ཏུ་ཕྱིན་ཡོད། དུས་རབས་ ༢༡ པའི་ནང་ཕྱི་དངོས་པོའི་ཡར་རྒྱས་ཕྱིན་ཡོད་ཀྱང་ཤེས་ཡོན་ཅན་དང་འབྱོར་ལྡན་མང་པོ་ཞིག་ལ་ནང་སེམས་ཀྱི་ཞི་བདེས་ཕོངས་ནས་ཡོད། ཅེས་དང། ཕྱོགས་མཚུངས་༸གོང་ས་མཆོག་གིས་བཤད་སྒྲུབ་ཆོས་འཁོར་གླིང་གི་མཚན་བྱང་ཐོག་བཀའ་སློབ་ཕེབས་དོན། བཤད་པའི་དོན་ནི་འགྲེལ་བཤད་དང་། སྒྲུབ་ཀྱི་དོན་ནི་ཉམས་ལེན་ཡིན། དེར་བརྟེན་ཆོས་ཁས་མི་ལེན་མཁན་ཞིག་ཡིན་ནའང་བློ་(mind)དང་སེམས་ཚོར་(emotion) ཐོག་དོ་སྣང་ཡོད་རིགས་རྣམས་ཀྱིས་ཆོས་ཚོགས་འདི་ནས་སེམས་ཀྱི་རྣམ་གཞག་དང་སེམས་ཚོར་གྱི་རྣམ་གཞག་ཐོག་གོ་རྟོགས་དང་དེ་དག་ཉམས་ལེན་ཆེད་འདིར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཏན་ཏན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། གཞི་རྩའི་བཤད་སྒྲུབ་ཆོས་འཁོར་གླིང་གི་མཚན་བྱང་ནི་མགོན་པོ་གང་ཉིད་མཆོག་གིས་གསོལ་རས་སྩལ་བ་དང། ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་དང་ཚོང་པ་སྐུ་ཞབས་ར་ཡི་ཕེལ་ཇི་མ་ལོབ་མཆོག་གིས་གསར་འཛུགས་གནང་བ་ཞིག་ཡིན་འདུག་པ་བཅས།།