༢༠༡༡ ཟླ་ ༨ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཡུ་རོབ་རྒྱལ་ཁབ་ཁག་ལྔའི་ནང་ཆོས་འབྲེལ་ཆེད་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་སྤོས་སྣེ་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་བདུན་ཕྲག་གཅིག་ལྷག་ཙམ་རིང་ཡུ་རོབ་རྒྱལ་ཁབ་སུད་སི་(Swiss)དང་། ཕ་རན་སི་(France) ཨིསི་ཊོ་ནི་ཡའི་(Estonia) ཕིན་ལན་ཌེ་(Finland) ཇར་མི་ནི་(Germany)བཅས་སུ་མཛད་འཕྲིན་བསྐྱང་རྒྱུའི་ཐོག་མར་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཡོད་པའི་ར་ཤི་ཡའི་ནང་པའི་ཆོས་ཚོགས་གསར་བཞེངས་གནང་ཡོད་པ་དེ་རབ་གནས་དང་དབུ་འབྱེད་བསྐྱང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༣ དང་ ༡༤ བར་ཉིན་གྲངས་གསུམ་རིང་ཕ་རན་སིར་ཆིབས་སྒྱུར་བསྐྱང་སྟེ་ཡུལ་དེའི་དད་ལྡན་མང་ཚོགས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པའི་བཀའ་ཆོས་སྩལ་རྒྱུ་དང་ཕྱི་ཚེས་ ༡༥ ཉིན་མི་མང་ལ་སེམས་ཀྱི་བདེ་སྐྱིད་སྐོར་ལ་བཀའ་སློབ་སྩལ་རྒྱུ་མ་ཟད། དེ་བཞིན་ཕ་རན་སིའི་གྲོས་ཚོགས་ཀྱི་འཐུས་མི་ཚོ་དང་མཇལ་འཕྲད་ཀྱང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༦ ཉིན་མགོན་པོ་གང་མཆོག་གི་ཨིསི་ཊོ་ནི་ཡར་༸ཞབས་སོར་འཁོད་དེ་ཕྱི་ཚེས་ ༡༧ ཉིན་ཁུལ་དེའི་རང་དབང་ལྷ་མོའི་སྣང་བརྙན་གྱི་མདུན་ཐང་དུ་མི་མང་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་སྐོར་བཀའ་སློབ་སྩལ་རྒྱུ་དང་། དེ་བཞིན་བློན་ཆེན་ཁག་གཅིག་དང་མཇལ་འཕྲད་མཛད་རྒྱུ་ཡིན་འདུག དེ་རྗེས་ཕིན་ལན་ཌེར་ཆིབས་སྒྱུར་གྱིས་ཕྱི་ཚེས་ ༢༠ ཉིན་མི་མང་ལ་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་དང་བྱམས་བརྩེའི་ནུས་སྟོབས་སྐོར་ལ་བཀའ་སློབ་སྩལ་རྒྱུ་ཡིན་འདུག མཐར་ཇར་མི་ནི་ནང་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
འདི་ནི་སྐབས་གསུམ་པའི་བཀའ་ཁྲི་མཆོག་གི་ཁྲི་འདོན་མཛད་སྒོ་ཚོགས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་ཁག་ཏུ་ཆིབས་སྒྱུར་བསྐྱངས་ཐེངས་དང་པོ་དེ་ཆགས་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཡུ་རོབ་ལ་ཆིབས་སྒྱུར་བསྐྱངས་པ།
གསར་གནས།
འབྲེལ་གནས།