༢༠༡༡ ཟླ་ ༧ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༩ ཉིན་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ཝི་ཏི་ནམ་སྐྱིད་སྡུག་དང་། ཚོགས་པ་ཁག་གི་འགན་ཁུར་བ་མི་སྣ་ ༢༠ ཙམ་ལ་སྣེ་ལེན་ཞུ་བའི་འདུ་འཛོམས་ཤིག་སྐུ་ཚབ་དོན་གཅོད་ཁང་དུ་གོ་སྒྲིག་གནང་ཡོད། བར་ལམ་ནས་བཟུང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་ཀྱི་ཆོས་དང་། རིག་ཞུང་གཅིག་གྱུར་ཡིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་དང་། སོག་པོ། ཝི་ཏི་ནམ། རྒྱ་རིགས་སྤུན་ཟླ་སོགས་ནང་པའི་རྒྱལ་ཁབ་ཀྱི་མི་རིགས་དང་འབྲེལ་བ་མེད་སར་གསར་འཛུགས་དང་། ཡོད་པ་རྣམས་རྒྱ་ཆེར་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་དང་རྒྱག་བཞིན་ཡོད་པ་ལྟར་སྔ་ལོ་ནས་བཟུང་གོང་གསལ་མི་རིགས་དེ་ཚོའི་ཚོགས་སྐྱིད་ཁག་ལ་སྣེ་ལེན་ཞུ་བའི་འདུ་འཛོམས་གནང་ཡོད།
འདི་ཚེས་ ༢༩ ཉིན་ཝི་ཏི་ནམ་མི་རིགས་ཀྱི་ཚོགས་སྐྱིད་ཁག་གི་འགོ་ཁྲིད་ལ་སྣེ་ལེན་བྱེད་པའི་དགོས་དམིགས་གཙོ་བོ་དེ་ཡང་བོད་པ་དང་ཝེ་ཏི་ནམ་མི་རིགས་དབར་འབྲེལ་བ་ལེགས་སུ་གཏོང་རྒྱུ་དེ་ཡིན། ཐེངས་འདིའི་སྣེ་ལེན་འདུ་འཛོམས་ལ་ཨ་རིའི་ཝེ་ཏི་ནམ་སྐྱིད་སྡུག་གི་ཚོགས་གཙོ་དང་། ལྷོ་ནིའུ་འཇར་སི་ཝེ་ཏི་ནམ་ཚོགས་པའི་ཚོགས་གཙོ། ཝི་ཏི་ནམ་སྐད་ཡིག་གི་དུས་དེབ་ (Lac Hong) ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ། ཝེ་ཏི་ནམ་བུད་མེད་ཚོགས་པའི་ཚོགས་གཙོ། ཝེ་ཏི་ནམ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་སོགས་མི་གྲངས་ ༢༠ ཙམ་གྱི་ཐོག་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུ། བུད་མེད་བཅས་ཀྱི་ཚོགས་གཙོ་ཡང་སྣེ་ལེན་འདུ་འཛོམས་ལ་མཉམ་ཞུགས་གནང་ཡོད། སྐབས་དེར་སྐུ་ཚབ་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་མདོར་བསྡུས་ཤིག་གནང་དོན། དེ་རིང་གི་སྣེ་ལེན་འདུ་འཛོམས་ཧ་ཅང་གི་སྟབས་བདེ་ཡིན་རུང་། ཚོགས་སྐྱིད་ཁག་གི་འགན་ཁུར་གནང་མཁན་མང་པོ་ཞིག་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་ཝི་ཏི་ནམ་མི་རིགས་དང་འབྲེལ་བ་བཟང་དུ་གཏོང་རྒྱུར་འབད་བརྩོན་ཞུ་བཞིན་ཡོད། ཁྱེད་རྣམས་བརྒྱུད་ནས་མ་འོངས་པར་འབྲེལ་བ་དེ་རྒྱ་ཆེ་རུ་འགྲོ་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༩ ལོར་ཝི་ཏི་ནམ་གྲོགས་པོ་ཁག་གཅིག་ནས་༸གོང་ས་མཆོག་ལ་སྙན་སེང་བཀའ་འཁྲོལ་བྱུང་དོན་བཞིན་ནིའུ་ཡོཀ་ཏུ་གསུང་ཆོས་གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད། སྔ་ལོ་ཁལ་ལི་ཕོར་ནི་ཡར་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཝེ་ཏི་ནམ་མི་རིགས་ཐུན་མོང་གིས་རིག་གཞུང་འཁྲབ་སྟོན་ཐེངས་དང་པོ་བྱས་པ་ཧ་ཅང་གི་ཡག་པོ་བྱུང་བ་མ་ཟད། ཞལ་འདེབས་ཀྱང་རྒྱ་མི་ཆུང་བ་བྱུང་བ་རྣམས་ཁལ་ལོ་ཕོར་ནི་ཡ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་བསྟི་གནས་ཁང་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་ཅེས་གསུངས།
དེ་རྗེས་ཨ་རིའི་ཝི་ཏི་ནམ་སྐྱིད་སྡུག་གི་ཚོགས་གཙོ་སྐུ་ཞབས་ Nguyen Ven Tanh ནས་དེ་རིང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་སྣེ་ལེན་འདུ་འཛོམས་ལ་བཅར་ཐུབ་པར་བཅོས་མིན་དགའ་པོ་བྱུང་བའི་སྐོར་དང་། ཝེ་ཏི་ནམ་མི་རིགས་ཀྱིས་ད་དུས་ཡིན་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་དང་རྒྱབ་སྐྱོར་ཞུ་གི་ཡོད་པ། བོད་པ་དང་ཝི་ཏི་ནམ་མི་རིགས་དབར་གྱི་འབྲེལ་ལམ་རྒྱ་ཆེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན། བོད་པ་དང་ཝི་ཏི་ནམ་མི་རིགས་གཉིས་ནི་གཅིག་བསྡུས་དམར་ཤོག་གི་དབང་སྒྱུར་འོག་གནས་པའི་བདེ་སྡུག་ལས་དབང་གཅིག་མཚུངས་ཡིན་པ་བཅས་ཀྱི་སྐོར་གསུངས་ཡོད། དུས་ཡུན་ཆུ་ཚོད་གཉིས་ཀྱི་སྣེ་ལེན་འདུ་འཛོམས་དེ་དགའ་སྤྲོ་དང་དོན་སྙིང་ལྡན་པའི་ངང་མཇུག་བསྒྲིལ་རྗེས་དྲན་རྟེན་ཆེད་ལྷན་དུ་འདྲ་དཔར་བརྒྱབ་པ་མ་ཟད། སྐུ་ཚབ་དོན་གཅོད་ཀྱིས་ཚང་མར་བོད་ཀྱི་ཡུལ་གོམས་ལྟར་དཀར་གཙང་མཇལ་དར་དང་། དྲན་རྟེན་གྱི་ལག་རྟགས་གནང་ཡོད། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཝ་ཤིང་ཊོན་དུ་ཆིབས་སྒྱུར་སྐྱོང་གྲབས་ཡོད་སྟབས། སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམས་དེང་སང་ལས་བྲེལ་ཆེ་ཙམ་ཡོད་ཅིང་། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མཇུག་སྒྲིལ་རྗེས་ཀྱི་ཕྱི་ཟླ་ ༨ ནང་རྒྱ་རིགས་སྤུན་ཟླ་རྣམས་ལ་དོན་གཅོད་ཁང་ནས་སྣེ་ལེན་ཞུ་བའི་འདུ་འཛོམས་ཤིག་གནང་གཏན་འཁེལ་ཡོད་པ་བཅས།།