༢༠༡༡ ཟླ་ ༧ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །འདི་གར་སྦིར་ཅོན་ཏ་ར་ནང་ཆེན་ས་གནས་འཛིན་ཁང་ནས་བཏང་གནས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས༌༸སྐྱབས་མགོན་ཆེན་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་སྦིར་ཅོན་ཏ་ར་ནང་ཆེན་འགོ་ལས་མང་ཚོགས་ནས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་མགྲོན་འབོད་ཞུས་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་དཔལ་པདྨའི་ཨེ་ཝ་ཆོས་སྒར་རྟེན་མཆོག་གླིང་དགོན་པའི་མཁན་པོ་དབུས་དགེ་འདུན་འདུས་མང་དང་མང་ཚོགས་བཅས་ནས་འབྲི་གུང་བཀའ་བརྒྱུད་བུམ་མང་དགོན་དུ་བསངས་གསོལ་གཟབ་རྒྱས་ཞུས།
དེ་ནས་ཆུ་ཚོད་ ༡༠ ཐོག་ས་གནས་འགོ་འཛིན་གྱིས་དབུས་ས་གནས་གྲོས་ཚོགས་སོགས་ཚོགས་པ་ཁག་གི་ཚོགས་གཙོ་དང་། དགོན་པ་གྲྭ་ཚང་དང་སློབ་གྲྭ་ཁག་གི་འགན་འཛིན། རྒྱ་གར་གྲོང་སྡེའི་སྤྱི་ཁྱབ་པར་རྡན། པན་ཇབ་དངུལ་ཁང་གི་འགན་འཛིན། མང་ཚོགས་དང་སློབ་ཕྲུག་བཅས་འདུ་འཛོམས་ཐོག་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས་ཚོགས་གཙོ་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་སྐུ་མགྲོན་དང་མང་ཚོགས་ནས་རིམ་བཞིན་མཇལ་དར་སྒྲོན་འབུལ་ཞུས། དེ་རྗེས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དང་དྲུག་ཅུའི་དབྱངས་ལྡན་སྐད་སངས་མཐོན་པོས་བཏང་སྟེ་རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ། དེ་ནས་ས་གནས་འགོ་འཛིན་རབ་དགའ་ལགས་ཀྱིས་དུས་ཆེན་དང་སྐུ་མགྲོན་གཙོ་བོ་ངོ་སྤྲོད་མདོར་བསྡུས་དང་འབྲེལ་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གྲུབ་བསྟུན་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག་ད་ལྟའི་དུས་ཚོད་གཉའ་འཕྲང་ཅན་འདིར་བོད་རིགས་ཡོངས་ཀྱི་དམ་ཚིག་རྡོག་རྩ་གཅིག་སྒྲིལ་གྱི་གཞི་རིམ་མང་གཙོ་ཚད་ལྡན་ཞིག་ཡོང་རྒྱུར་གཙོ་བོ་མགོན་པོ་གང་ཉིད་ཀྱིས་ཆབ་སྲིད་སྐུ་དབང་མང་ཚོགས་ཀྱི་འོས་བསྡུ་གནང་བའི་འགོ་ཁྲིད་ཚོར་གསོལ་སྩལ་ནས་བཟུང་ལས་སྣེ་ཡོངས་ལ་འགན་ཆེན་པོ་ཡོད་ཅེས་གསུངས། དེ་ནས་སམ་བྷོ་ཊའི་སློབ་ཕྲུག་ཡིག་རྒྱུགས་ཨང་རྩེར་སོན་ཁག་གཅིག་ལ་ས་གནས་འགོ་འཛིན་ལས་ཁང་དང་། ནང་ཆེན་ཚོགས་པ་ནས་གོ་སྒྲིག་བཞིན་སྐུ་མགྲོན་གཙོ་བོས་ལེགས་སྐྱེས་གནང་མཚམས་སམ་བྷོ་ཊའི་སློབ་ཕྲུག་དང་། ཅོན་ཏ་ར་རིག་གཞུང་ཚོགས་པ་ནས་གཞས་སྣ་འཁྲབ་སྟོན་གནང་སྟེ་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་གཡུ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་རྒྱལ་ཁའི་ངང་མཛད་སྒོ་དངོས་གཞི་གྲོལ། ལོ་ལྟར་ནང་ཆེན་བོད་ཁམས་བཟོ་ཚོགས་ནས་སྐུའི་འཁྲུངས་སྐར་རིང་ཉིན་གཉིས་སྤྲོ་སྐྱིད་གཏོང་གི་ཡོད་པ་བཞིན་ས་གནས་གྲོས་ཚོགས་དང་། རིག་གཞུང་ཚོགས་པ། དེ་བཞིན་བཟོ་གྲྭའི་ལས་ཟུར་རྣམས་ཀྱིས་མང་ཚོགས་ལ་ཞལ་ལག་དང་རྩེད་རིགས་གོ་སྒྲིག་ཞུས་ཏེ་སྐུའི་འཁྲུངས་སྐར་ཉིན་གཉིས་རིང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཅས། །
སྦིར་ཅོན་ཏ་ར་ས་གནས་སུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
གསར་གནས།
འབྲེལ་གནས།