༢༠༡༡ ཟླ་ ༧ ཙེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ལྡི་ལི་སྐུ་ཚབ་དོན་ཁང་དང་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང། དེ་བཞིན་སྡེ་ར་ལྡུན་དུ་གཞི་བྱས་པའི་སྲོང་བཙན་དཔེ་མཛོད་ཁང་བཅས་ཚོགས་པ་གསུམ་གྱིས་གོ་སྒྲིག་འོག་བོད་དོན་དང་འབྲེལ་བའི་དཔར་རིགས་འགྲེམས་སྟོན་ཞིག་གོ་སྒྲིག་གནང་འདུག དཔར་རིགས་འགྲེམས་སྟོན་དེ་བཞིན་ཕྱི་ལོ་ ༡༩༡༤ ལོ་ནས་ཕྱི་ལོ་ ༡༩༥༨ ལོའི་བར་བོད་དམག་གི་དམག་སྤྱི་ཚ་རོང་མདའ་བཟང་དགྲ་འདུལ་མཆོག་དང་ཕ་རན་སིའི་དཔར་པ་ལྕམ་སྐུ་ཨེ་ལེག་ཛན་ཌར་ཌེ་ཝི་ཌི་ནིལ་ (Alexandra David Neel) ལགས་རྣམ་གཉིས་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་ནང་བརྒྱབ་པའི་པར་རིགས་ཁག་གི་ཚན་པ་གཅིག་དང་།
དེ་བཞིན་དཔར་རིགས་ཚན་པ་གཉིས་པའི་ནང་སྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གིས་ཕྱི་ལོ་ ༡༩༧༩ ལོར་བོད་ནང་སྐུ་ཚབ་གཟིགས་སྐོར་ཐེངས་དང་པོ་ཕེབས་སྐབས་བརྒྱབ་པའི་དཔར་རིགས་ཁག་གཅིག དཔར་རིགས་ཚན་པ་གསུམ་པའི་ནང་ཕྱི་ལོ་ ༢༠༠༠ ལོ་ནས་ཕྱི་ལོ་ ༢༠༡༠ བར་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་ཁག་གཅིག་གིས་བརྒྱབ་པའི་དཔར་རིགས་ཚན་པ་བཅས་ཚན་པ་གསུམ་དུ་ཆ་བགོས་ཀྱིས་འགྲེམས་སྟོན་གནང་འདུག འགྲེམས་སྟོན་གྱི་དབུ་འབྱེད་དེ་བཞིན་ལྡི་ལི་སྐུ་ཚབ་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་དང་རྒྱལ་སྤྱིའི་ནང་སྙན་གྲགས་ཡོད་པའི་རྒྱ་གར་དཔར་པ་སྐུ་ཞབས་ར་གུ་རའི་ (Raghu Rai) ལགས་ཀྱིས་གནང་ཡོད། དཔར་རིགས་འགྲེམས་སྟོན་དེ་ཕྱི་ཟླ་ ༧ ཚེས་ ༧ ནས་ཚེས་ ༡༤ བར་གནང་རྒྱུ་ཡིན་འདུག་པ་བཅས།།