༢༠༡༡ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། འདི་གར་ཨ་རི་སྐུ་ཚབ་དོན་ཁང་གི་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༧ ལ་ཉིན་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། སྦེལ་འཇམ་དུ་གཞུང་འབྲེལ་ལས་དོན་ནས་ཕྱིར་འཁོར་གྲུབ་བསྟུན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་རེ་འདུན་ཞུས་པ་ལྟར། ཕྱི་ཚེས་ ༡༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་ཕེབས་ནས་ཁུལ་དེར་ཡོད་པའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་རྒྱུན་ལས་ཡོངས་ལ་བར་ལམ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆབ་སྲིད་འཕོ་འགྱུར་གྱི་བྱུང་རིམ་སྐོར་གསུང་བཤད་གནང་ཡོད།
དེ་ཡང་ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་བཅས་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་ཐུན་མོང་གིས་གོ་སྒྲིག་འོག་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཚེས་ ༡༧ ཉིན་རྒྱབ་ཆུ་ཚོད་ ༣ ནས་ ༦ བར་གྲོང་ཁྱེར་ནིའུ་ཡོཀ་གི་ཁུན་སི་ཞེས་པའི་མགྲོན་ཁང་གི་ཚོགས་ཁང་ཆེན་མོའི་ནང་། ཐོག་མར་ཨ་རི་སྐུ་ཚབ་དོན་གཅོད་ཀྱི་ཟུང་དྲུང་ཀུན་དགའ་བཀྲིས་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་མདོར་བསྡུས་ཤིག་གནང་དོན།
དེ་རིང་དཔལ་ལྡནབོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་རེ་འདུན་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རང་རེའི་བཙན་བྱོལ་སྤྱི་ཚོགས་ནང་བར་ལམ་ཆབ་སྲིད་ཀྱི་འགྱུར་བའི་སྐོར་ལ་ད་དུང་གནས་ཚུལ་གསལ་པོ་མི་ཤེས་མཁན་ཡོད་པའི་ཁར་ཤེས་མཁན་ཉུང་ཤས་ཡོད་པའི་ཁྲོད་ནས་འགྲེལ་བརྗོད་ལོག་པ་བྱེད་མཁན་དེ་འདྲའང་ཡོང་མི་སྲིད་པ་ཞིག་མིན་པར་བརྟེན། བཙན་བྱོལ་བོད་མིའི་ཆབ་སྲིད་འཕོ་འགྱུར་གྱི་བྱུང་རིམ་ཆ་ཚང་ལ་འགན་ཡོད་མཁན་ཁོངས་སྤྱི་འཐུས་ཚོགས་གཙོ་མཆོག་ཨ་རིར་ཕེབས་པ་དང་སྟབས་བསྟུན། མང་ཚོགས་ལ་དངོས་ཡོད་གནས་ཚུལ་ཁ་གསལ་ཤེས་རྟོགས་སླད་དེ་རིང་གི་ཚོགས་འདུ་དེ་གོ་སྒྲིག་ཞུས་པ་ཡིན་ཞེས་ངོ་སྤྲོད་གནང་གྲུབ་བསྟུན། ཚོགས་གཙོ་མཆོག་གིས་གསལ་བཤད་གནང་དོན།
ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༡༠ པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་རྒྱ་རིགས་ཤེས་ཡོན་ཅན་དང་རྩོམ་པ་པོ། ཆེད་ལས་པ། མང་གཙོ་དོན་གཉེར་བ། སློབ་ཕྲུག་སོགས་ལས་རིགས་འདྲ་མིན་ནས་མི་གྲངས་ ༣༠༠ ཙམ་ལ་བཀའ་སློབ་སྩོལ་སྐབས། རྒྱ་རིགས་ཤིག་གིས་༸གོང་ས་མཆོག་ལ་དྲི་བ་ཞིག་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་ཟླ་བ་འགའ་ཤས་སྒུག་མཚམས་གསལ་པོ་ཆགས་རྒྱུ་ཡིན་སྐོར་བཀའ་ལན་སྩལ་ཡོད་པ་དང། ཕྱོགས་མཚུངས་༸གོང་ས་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་གསར་འགོད་པས་བགྲེས་ཡོལ་སྐོར་གྱི་དྲི་བར་བཀའ་ལན་ཇི་འདྲ་ཞིག་སྩལ་ཡོད་སྐོར། དེ་བཞིན་༸གོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་བགྲེས་ཡོལ་སྐོར་བཀའ་སློབ་ཇི་ཕེབས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་༸གོང་ས་མཆོག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་ཕྱག་བྲིས་ཕྱག་རྟགས་ཕེབས་ཐོག་བཀའ་སློབ་ཇི་ཕེབས་སོགས་དང། སྤྱི་འཐུས་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསོལ་འདེབས་ཇི་ཞུས། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་བཀའ་ཆོས་ཀྱི་མཇུག་ཏུ་གཞིས་བྱེས་བོད་མི་རྣམས་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་དེ་མཚམས་འཇོག་མཛད་རྒྱུའི་ཐག་གཅོད་མཛད་དོན་ཇི་ཡིན་བཀའ་སློབ་གནང་བའི་སྐོར་དང་། གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གནད་དོན་དེའི་སྐོར་བཀའ་མོལ་ཇི་བྱུང་། ཚོགས་གཙོ་སྦྲེལ་པོ་དཔལ་ལྡན་སྐུ་སྒེར་ཡིག་ཚང་དུ་བཅར་བའི་བརྒྱུད་རིམ་སྐོར། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཆེད་འཛུགས་གནང་བའི་སྐོར། གྲོས་ཚོགས་འཕར་མ་ཚོགས་ནས་དོན་དེར་བཀའ་བསྡུར་ཐག་གཅོད་ཇི་བྱུང་སྐོར་སོགས། བར་ལམ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འགྱུར་བའི་ཐོག་མཐའ་བར་གསུམ་གྱི་བྱུང་རིམ་ངོ་སྤྲོད་སོགས་ཞིབ་ཕྲ་གསལ་བཤད་གནང་།
གསུང་བཤད་གྲུབ་མཚམས་ཚོགས་བཅར་བ་ ༡༢ ཙམ་གྱི་དྲི་བར་གསལ་བཤད་གནང་ཡོད། ཚོགས་གཙོ་མཆོག་བསྐྱར་འདེམས་བྱུང་ནས་ཨ་རིར་ཕེབས་ཐེངས་དང་པོ་ཡིན་སྟབས་ཚོགས་སྐྱིད་ཁག་གིས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་མཚོན་ཆེད་གོང་གསལ་ཚོགས་པ་གསུམ་ནས་དགོངས་དྲོ་གསོལ་སྟོན་བཤམས་པ་དང་ཆབས་ཅིག་བཀྲིས་ཀྱི་མཇལ་དར་ཡང་ཕུལ་ཡོད། ཐེངས་འདིའི་ཚོགས་འདུར་ཚོགས་སྐྱིད་ཁག ༢༣ ནས་ཚོགས་གཙོ་དང་རྒྱུན་ལས་བཅས་མི་གྲངས་ ༩༠ ཕེབས་ཡོད་པ་བཅས།།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱི་རྒྱུན་ལས་ཡོངས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།