༢༠༡༡ ཟླ་་༧ ཚེས་ ༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡ ཉིན་རྡ་ས་བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པའི་ཡང་སྟེང་དུ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༢ པ་གྲ་སྒྲིག་ལྷན་ཚོགས་ཀྱི་དྲ་རྒྱ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བཀའ་ཤག་གསར་པའི་ཡང་སྟེང་དུ་བཀའ་ཁྲི་ཟམ་གདོང་རིན་པོ་མཆོག་གིས་དབུས་དཔལ་དུས་འཁོར་དབང་ཆེན་གྲ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཙོ་མོན་རྟ་དབང་དགོན་པའི་སློན་དཔོན་བླ་མ་ངག་དབང་ནོར་བུ་ལགས་དང། དུས་འཁོར་དབང་ཆེན་གྲ་སྒྲིག་ལྷན་ཚོགས་ཀྱི་དྲུང་ཆེ་ཐུབ་བསྟན་བྱམས་པ་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་རྣམ་གཉིས་དང་། རྡ་སར་གནས་འཁོད་ཕྱི་ནང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་ཐོག་དུས་འཁོར་དབང་ཆེན་གྲ་སྒྲིག་ལྷན་ཚོགས་ཀྱི་ཚོགས་གཙོས་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བོད་དང་རྒྱ་གར་འཕགས་པའི་ཡུལ། དེ་བཞིན་ནུབ་ཕྱོགས་གླིང་ཆེན་ཁག་དང་། སོག་ཡུལ་ལ་སོགས་ས་གནས་མང་པོ་ཞིག་ནང་རྒྱལ་བ་སྐུ་ཕྲེང་ན་རིམ་སྐབས་མ་བྱུང་བའི་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་མང་པོ་ཞིག་སྩལ་ཏེ་རླབས་ཆེན་གྱི་མཛད་འཕྲིན་མང་པོ་བསྐྱངས་ཡོད། དེའི་འབྱུང་རིམ་ནང་ནས་ད་རེས་གནས་མཆོག་རྡོ་རྗེ་གདན་དུ་སླར་ཡང་༸གོང་ས་མཆོག་གིས་དུས་འཁོར་བཀའ་དབང་ཐེངས་ ༣༢ པ་དེ་གནང་རྒྱུའི་ཆེད་སྐུ་གཤེགས་ཨཱ་རུ་ན་ཅཱའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གི་དབུས་པའི་དད་ལྡན་སྦྱིན་བདག་མང་པོ་ཞིག་གིས་གསོལ་འདེབས་ཞུ་དོན་བཞིན་ཕྱི་ལོ་ ༢༠༡༢ ལོ་འགོར་ཚོགས་ཆུང་གིས་ཚོགས་གཙོས་གསུང་པ་བཞིན་དུས་འཁོར་དབང་ཆེན་བཀའ་དྲིན་བསྐྱང་རྒྱུའི་ཐུགས་གཏན་འཁེལ་བར་རླབས་ཆེན་གྱི་ཆོས་ཕྱོགས་བྱ་བ་ཞིག་རེད་བསམ་གྱི་ཡོད། ད་ལྟའི་དུས་ཚོད་འདིའི་ནང་དགོས་མཁོའི་བཤད་སྒྲུབ་གནང་རྒྱུ་དེ་དམིགས་བསལ་གྱི་ཐུགས་འགན་ཆེན་པོ་ཞིག་ཆགས་ཡོད་པ་དང་། བོད་ཀྱི་དེ་སྔ་ཕན་ཆད་བྱུང་ཟིན་པའི་དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གནང་མཁན་བླ་ཆེན་ཚོའི་ནང་ནས་ཀུན་མཁྱེན་ཏཱ་ར་ན་ཐཱ་ཕུད་པའི་བླ་ཆེན་སུས་ཀྱང་དུས་འཁོར་བཀའ་དབང་ཐེངས་གསུམ་བཞི་ལས་གནང་མྱོང་མེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པས་དམིགས་བསལ་འཕྲིན་ལས་འགྲོ་ཕན་ནང་ད་ལྟ་བར་དུ་སུམ་ཅུ་གནང་ཟིན། ད་དུང་གནང་རྒྱུ་དེ་དག་ཕྱོགས་གཅིག་ནས་སྙིགས་མའི་རྒུད་ཚོགས་འདུ་བའི་འཇིག་རྟེན་འདི་ཛ་དྲག་གི་གནས་བབ་ཡོད་པ་ཞིག་དང་ཕྱོགས་གཞན་པ་ཞིག་ནས་བླ་མ་དང་ཆོས་ཁྱད་པར་འཕགས་པའི་བཀའ་དྲིན་བརྟེན་ནས་གནང་རྒྱུ་ཡོད་པ་དེ་ཧ་ཅང་གི་བསྐལ་པ་བཟང་པོ་དང་། བསོད་ནམས་ཆེན་པོ་ཡིན་སྟབས་འཇིག་རྟེན་གྱི་རྒུད་ཚོགས་ཞི་བའི་རེ་བ་གནང་གྱི་ཡོད་པར་སེམས། དེར་བརྟེན་གསོལ་བ་འདེབས་མཁན་གྱི་སྦྱིན་པའི་བདག་པོ་ཚོ་དང་སྐུ་གཤེགས་རྡོ་རྗེ་མཁའ་འགྲོ་མཆོག་གི་སྐུ་འཁོར་རྣམས་ཀྱི་མཚོན་ནང་མི་ཡོངས་ཀྱི་དབང་ཆེན་གྱི་གྲ་སྒྲིག་ཐོག་ལ་ཐུགས་ཐག་ཆོད་པོའི་སྒོ་ནས་དམ་བཅའ་བརྟན་པོ་ཡོད་པ་དང་། དེ་བཞིན་རྒན་ངག་དབང་ནོར་བུ་ལགས་ཀྱིས་དབུ་ཁྲིད་པའི་གོ་སྒྲིག་ཚོགས་ཆུང་གི་ཕྱག་ལས་གནང་དང་གནང་བཞིན་པར་ངོ་མཚར་ཆེན་པོ་དང་གཟི་བརྗིད་ཆེན་པོ་རེད། དེར་བརྟེན་ངས་དབང་ཆེན་སྤྱི་དང་བྱེ་བྲག་དབང་ཆེན་དང་འབྲེལ་བའི་ཆོས་ཕྱོགས་མཛད་སྒོ་ཚང་མ་ལམ་ལྷོང་དང་གྲ་སྒྲིག་ལེགས་པོ་ཡོང་བའི་སྨོན་འདུན་ཞུ་གི་ཡིན། ཞེས་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་དྲ་རྒྱ་དབུ་འབྱེད་གནང་། དེ་ནས་དུས་འཁོར་དབང་ཆེན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་དུས་འཁོར་དབང་ཆེན་དང་འབྲེལ་བའི་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
ད་ཐེངས་དུས་འཁོར་དབང་ཆེན་དེའི་སྐབས་གངས་ཅན་ལྗོངས་ཀྱི་ཆོས་རྒྱུད་ཁག་རིས་སུ་མ་ཆད་པ་ལྷན་འཛོམས་ཀྱི་འཇིག་རྟེན་སྤྱི་དང་འཛམ་བུ་གླིང་ཞི་བདེ་ཡོང་ཆེད་རིས་མེད་སྨོན་ལམ་དང་འབུམ་ཚོགས་ཤིག དེ་བཞིན་དཔལ་དུས་འཁོར་དབང་ཆེན་དང་སྟབས་བསྟུན་༸གོང་ས་མཆོག་བསྟན་འགྲོའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་སླད་རྒྱ་ཧོར་བོད་གསུམ་གྱི་མཚོན་བལ་ཡུལ། འབྲུག ཧི་མ་ལ་ཡའི་རི་རྒྱུད། རྒྱ་ནག་སྐམ་ས་ཆེན་མོ། ལྷག་པར་དོལ་རྒྱལ་དང་འབྲེལ་མེད་མི་མང་ཐུན་མོང་བཅས་ཀྱིས་ལྷ་མི་ཟུང་འབྲེལ་ཐོག་བརྟན་བཞུགས་རྒྱས་པ་ཞིག་འབུལ་ལམ་རྒྱུ་དང་། འཇིག་རྟེན་ཞི་བདེའི་ཆེད་དུ་འཛམ་གླིང་ཆོས་ལུགས་ཀྱི་བླ་ཆེན་རྣམ་པ་དང་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཁས་པ་རྣམས་གདན་ཞུས་ཀྱི་སྨོན་ལམ་ཞིག་འཚོགས་རྒྱུ་ཡིན་པ་དང་། དུས་འཁོར་དབང་ཆེན་སོ་གཉིས་པའི་དྲ་རྒྱའི་ཁ་བྱང་ནི། www.kalachakra2012.org ཡིན་འདུག་པ་བཅས