༢༠༡༡ ཟླ་ ༧ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཝ་རི་ཛོན་ཚོགས་ཁང་ཆེན་མོའི་ནང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་༸གོང་ས་མཆོག་གིས་ཐོག་མར་དབྱིན་སྐད་ནང་བཀའ་སློབ་ཕེབས་པའི་ནང། ངོས་ཀྱིས་སྐྱེས་སྐར་དེ་གལ་ཆེན་པོ་ཞིག་ལ་ངོས་འཛིན་གང་ཡང་བྱེད་ཀྱི་མེད། བོད་མིའི་གོམས་གཤིས་ནང་སྐྱེས་པའི་ཉིན་དེ་ལས་འདས་གྲོངས་གྱུར་བའི་ཉིན་དེ་གལ་ཆེ་བར་བརྩི་ཡི་ཡོད། སྐྱེས་རྗེས་གཞན་ཕན་གྱི་བྱ་བ་བཟང་པོ་ཞིག་བྱས་ཡོད་ཚེ་སྐྱེས་སྐར་སྲུང་བརྩི་དོན་སྙིང་ལྡན་པ་ཞིག་ཡིན་ཡང་བྱ་བ་སྡུག་པ་དེ་འདྲ་བྱས་ཏེ་ད་དུང་སྐྱེས་སྐར་རྒྱས་པོ་བཏང་ན་དོན་སྙིང་མེད་ཅེས་དང། ཡང་མགོན་པོ་གང་ཉིད་མཆོག་གིས་དུས་རྒྱུན་མི་ཚོས་ངོས་ལ་སྐྱེས་སྐར་ལག་རྟགས་ག་རེ་དགོས་སམ་བརྗོད་དུས་ངོས་ནས་ལག་རྟགས་ཡག་ཤོས་དེ་སེམས་བཟང་པོ་བྱེད་རྒྱུ་དེ་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་བོད་སྐད་ཐོག་དམིགས་བསལ་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་རྣམས་ལ་བཀའ་སློབ་ཕེབས་དོན།
བཙན་བྱོལ་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་དང། གཞིས་ལུས་རྒྱ་ཆེའི་མི་མང་ད་ལྟ་ལུས་པོ་གཞན་དབང་འོག་རང་དབང་བྲལ་ཏེ་དཀའ་ངལ་འཕྲད་དེ་གནས་ཡོད་ནའང་། ནང་བསམ་བློ་དེ་བོད་མི་རིགས་ཀྱི་ང་ཚོ་གངས་ཅན་པ་བརྗོད་བཞིན་པའི་བསམ་བློའི་རྦ་རླབས་འཕྱུར་བཞིན་ཡོད་མཁན་གྱི་གཞིས་ལུས་རྒྱ་ཆེའི་མི་མང་ཚང་མས་དེ་རིང་ངོས་ཀྱི་སྐྱེས་སྐར་ཉིན་མོ་དྲན་གསོ་བྱེད་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དམིགས་བསལ་གྱི་འཚམས་འདྲི་ཡོད། གཙོ་ཆེ་ཤོས་ང་རང་ཚོ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པའི་སྔར་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་དུས་ནས་བོད་ལ་ཐུན་མོང་མིན་པའི་ཡི་གེ་དང་བོད་སྐད་ཡོད། བོད་ཀྱི་སྐད་ཡིག་ཐོག་དེང་སང་འཛམ་གླིང་འདིའི་ནང་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་དོ་སྣང་བྱེད་ཀྱི་ཡོད། མདོར་ན་དེང་སང་ཚན་རིག་པའི་ནང་ལའང་སངས་རྒྱས་པའི་མདོ་བསྟན་བཅོས་ནང་གསུངས་པའི་སེམས་ཀྱི་རྣམ་གཞག་ཐོག་དམིགས་བསལ་གྱི་དོ་སྣང་དང་དེ་ནས་ཚུར་གནད་འགག་བསླབ་རྒྱུ་སོགས་ལ་དོ་སྣང་གསར་པ་བྱེད་ཀྱི་འདུག ནང་པ་སངས་རྒྱས་པའི་ཆོས་ལ་ཆ་བཞག་ན་འཛམ་གླིང་འདིའི་སྟེང་ནང་པའི་རྒྱལ་ཁབ་མང་པོ་ཡོད། ནང་པའི་ཆོས་བྱེད་མཁན་ས་ཡ་མང་པོ་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་ཆ་ཚང་བ་ཟབ་པ་དང་། རྒྱ་ཆེ་བ། ཚད་མའི་གཞུང་དང་བཅས་ཆ་ཚང་བ་ཡོད་པ་དེ་བོད་པའི་སྐད་ཡིག་ཁོ་ན་ཡིན། དེར་བརྟེན་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་སུ་རྫོགས་པས་སོ་སོའི་མེས་པོ་ཚོས་དཀའ་ལས་བརྒྱབ་སྟེ་བསྒྲུབས་པའི་སྐད་ཡིག་ཕྱུག་པོ་དེ་ངེས་པར་དུ་མུ་མཐུད་རྒྱུད་འཛིན་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།
དེ་དང་ཆབས་ཅིག་དེང་དུས་ཀྱི་ཤེས་ཡོན་ཚད་ལོང་བ་ཞིག་བྱེད་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་ཡིན། སྐད་ཡིག་མི་འདྲ་བ་ཞིག་བཤད་ཐུབ་པ་ཙམ་མིན་པར་ནང་དོན་གྱི་དུས་རབས་ ༢༡ པ་དང་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་བ་ཞིག་དང་ཚད་ལོང་བ་ཞིག་དགོས་རྒྱུ་ནི་གཞིས་བྱེས་གཉིས་ཀྱི་སློབ་ཕྲུག་རྣམས་ནས་ངེས་པར་དུ་དོ་སྣང་ཆེན་པོའི་ཐོག་ཤུགས་རྒྱག་རོགས་བྱེད་བརྗོད་རྒྱུ་ཡིན། དེ་བཞིན་བོད་རང་ཉིད་ཀྱི་སྐད་ཡིག་བརྒྱུད་ནས་ཤེས་ཡོན་མང་པོ་ཞིག་ཡོད། གཙོ་བོ་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ཤེས་ཡོན་ཞིག་ཡོད། དེ་འདྲའི་ཤེས་ཡོན་འདི་སྤྱིར་འགྲོ་བ་མི་སྤྱི་ཡོངས་ཀྱི་ཆ་ནས་བཤད་ནའང་བདེ་སྐྱིད་ལྡན་པའི་དུས་རབས་ ༢༡ པ་ཞིག་དགོས་ན་བྱམས་བརྩེ་དང་འཆམ་མཐུན་དགོས། དེ་ཡོང་བར་ཡིད་ཆེས་དགོས། ཡིད་ཆེས་ཡོང་བར་དྲང་བདེན་དགོས། དྲང་བདེན་ཡོང་བར་ལྷག་བསམ་དགོས། དེ་ལྟ་བུའི་བསླབ་བྱ་ང་ཚོའི་བོད་པའི་སྐད་ཡིག་ནང་ཡོད་པའི་ཆོས་དང་རིག་གཞུང་དེས་མིའི་སེམས་རྒྱུད་ཞི་ཞིང་དུལ་བ་དང། ཡ་རབས་སྤྱོད་བཟང། དྲང་བདེན་ཞིག་བཟོས་ཀྱི་ཡོད། དེར་བརྟེན་ང་རང་ཚོའི་མི་རིགས་གཅིག་དམིགས་བསལ་འབུར་ཐོན་ཁྱད་ཆོས་ཙམ་མིན་པར། འཛམ་གླིང་སྤྱིར་ཆ་བཞག་ན་ང་ཚོ་བོད་པའི་ཆོས་དང་རིག་གཞུང་གིས་གང་ལ་གང་ཙམ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་ཡོད། དེང་དུས་ཀྱི་ཤེས་ཡོན་དང་ཆབས་ཅིག་སོ་སོ་རང་ཉིད་ལ་མི་རབས་ནས་མི་རབས་ཡོད་པའི་སོ་སོའི་ཆོས་དང་རིག་གཞུང་དེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བདག་གཅེས་བྱེད་རྒྱུ་དེ་ཡང་དགོས་པ་རྒྱུ་མཚན་གྱི་མཐོང་བའི་ཐོག་ནས་བདག་པོ་རྒྱག་དགོས་རེད་མ་གཏོགས་དགོས་པ་རྒྱུ་མཚན་མ་མཐོང་བར་ཁྲལ་ལྟ་བུ་བདག་པོ་རྒྱག་དགོས་ཞེས་སུ་གཅིག་གི་བརྗོད་ཀྱི་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ནང་པ་བྱེད་དགོས་ཞེས་ཨུ་ཚུགས་རྩ་བ་ནས་གནང་མི་འདུག་སོ་སོ་རང་དབང་ཐོག་བཞག་ཡོད། འོན་ཀྱང་སངས་རྒྱས་པའི་ཆོས་ཀྱི་གནད་འགག་ཕྲན་བུ་ཤེས་ན་ཕན་ཐོགས་ཡོད། ལྷག་པར་སེམས་འཁྲུག་པའི་སྐབས་སུ་ཕན་ཐོགས་ཡོད། འཛམ་གླིང་འཁྲུག་པའི་སྐབས་ཕན་ཐོགས་ཡོད་པ་ཞིག་ཡིན་དུས་དགོས་བརྗོད་རྒྱུ་དེ་རྒྱུ་མཚན་ཤེས་པའི་སྒོ་ནས་དོ་སྣང་བྱེད་རྒྱུ་ཞིག་ཡོང་གི་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་དང་དགོས་མཁོ་ཡོད་པའི་ཐོག་ནས་ཤོད་ཀྱི་ཡོད།
དེ་བཞིན་ང་ཚོར་དཔལ་འབྱོར་ཡར་རྒྱས་མེད་ན་བཟོ་ལྟ་སོལ་བས་འཆོད་པ་ལྟར་རེད། དེར་བརྟེན་དཔལ་འབྱོར་ཡར་རྒྱས་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཡིན། གཞིས་བྱེས་མི་མང་ཚང་མས་དཔལ་འབྱོར་གྱི་འདུ་འགོད་བྱེད་རྒྱུ་གལ་ཆེན་པོ་རེད། དཔལ་འབྱོར་གནས་སྟངས་ཕྲན་བུ་ཡག་ཏུ་འགྲོ་སྐབས་དོན་མེད་རྒྱན་རྩེད་རྩེད་རྒྱུ་དང། ཆང་རག་ཚོད་མེད་འཐུང་རྒྱུ། དོན་མེད་རྒྱན་ཆ་འདྲ་མིན་བཟོས་ཏེ་འདོགས་རྒྱུ། ནང་ལ་ཤེས་བྱ་ཡོན་ཏན་གང་ཡང་མེད་པར་ཕྱིར་རྒྱན་ཆ་མཆོར་པོ་གྱོན་ན་ངོ་མཚར་ཆེ་རྒྱུ་གང་ཡང་མེད། ང་ཚོར་དཔལ་འབྱོར་ཡར་རྒྱས་ཕྲན་བུ་བྱུང་སྐབས་ངེས་པར་དུ་ཤེས་ཡོན་དང་འཕྲོད་བསྟེན་ཡར་རྒྱས་གཏོང་དགོས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན་ཞིང་འབྲོག་ས་ཁུལ་ཡར་རྒྱས་དེ་ཙམ་མེད་སར་རང་དོན་རང་གཅེས་བྱས་ཏེ་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
དེ་ནས་གཞིས་བྱེས་གང་དུ་ཡིན་ནའང་བོད་པའི་སྤྱི་ཚོགས་ནང་དགོན་པ་ཆེ་ཆུང་མེད་པ་ཕལ་ཆེར་མེད། ང་ཚོའི་དགོན་སྡེའི་རབ་བྱུང་ཕོ་མོ་དང་སྔགས་ལྕང་ཚུན་ཆད་དགེ་འདུན་འདུས་སྡེ་དགོན་པ་གང་དུ་ཡོད་ནའང་། དེ་སྔའི་ང་ཚོའི་ལུགས་སྲོལ་ཆོ་ག་ཕྱག་ལེན་བཏོན་པ་མ་གཏོགས་སངས་རྒྱས་པའི་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་གནས་ཚུལ་ཇི་འདྲ་ཡིན་པ་དེ་དག་ལ་དོ་སྣང་དང་སློབ་སྦྱོང་མ་བྱས་པར་ང་ཚོའི་ཕ་མེས་ཀྱི་ལུགས་སྲོལ་ཡིན་མདོག་བྱས་ཏེ་འགྲོ་རྒྱུ་དེ་གང་ལྟར་འདང་གི་མི་འདུག ངོས་ཀྱིས་དུས་རྟག་ཏུ་ནང་པའི་ཆོས་བྱེད་མཁན་རྒྱ་མི་དང། ཉི་ཧོང། ཀོ་རི་ཡ། ཝི་ཏི་ནམ། སོག་པོ། འབར་མ། ཤི་རི་ལང་ཀ་སོགས་ནང་པ་ཚང་མར་འདི་ལྟར་ཤོད་ཀྱི་ཡོད། ང་ཚོ་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན། སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་རྒྱུ་མཚན་དང་དགོས་པ་རིག་པའི་ལམ་ནས་གཏན་ལ་ཕབ་སྟེ་ཆ་ཚང་བ་ཞིག་ཤེས་པའི་སྒོ་ནས་སངས་རྒྱས་ཆོས་དགེ་འདུན་ལ་སྐྱབས་སུ་མཆི་ཞེས་བརྗོད་ན་ཤེས་ནས་དད་པ་ཐོབ་པའི་སྐྱབས་འགྲོ་རེད། དེ་ནི་སངས་རྒྱས་ཀྱི་ཆོས་མཚན་ཉིད་ཚང་བ་ཞིག་ཆགས་ཀྱི་ཡོད། སངས་རྒྱས་ཆོས་དགེ་འདུན་གང་ཡིན་མ་ཤེས་པར་ཚིག་ཙམ་ཞིག་ལབ་ན་སྐད་འཁོར་བཏང་བ་ལྟ་བུ་རེད་ལ་ཡང་ན་དུད་འགྲོའི་སྐྱབས་འགྲོ་འདོན་པ་ལྟ་བུ་རེད་མ་གཏོགས་མཚན་ཉིད་ཚང་བ་ཞིག་ཡོང་གི་མེད། དེར་བརྟེན་སློབ་སྦྱོང་བྱེད་རྒྱུར་དོ་སྣང་བྱེད་དགོས་པ་ཡིན། དེང་སང་བོད་ནང་དེ་སྔ་གཞུང་ཆེན་གྱི་འཆད་ཉན་ཡོད་མིན་ལ་མ་ལྟོས་པར་དེང་སྐབས་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད་པ་ལྟ་བུ་འདུག ཧ་ཅང་དགའ་པོ་བྱུང། མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་སློབ་སྦྱོང་བྱེད་རྒྱུར་འཁུར་ཆེ་ཙམ་བྱེད་རོགས་བྱེད་ཅེས་ཞུ་འདོད་བྱུང།
དུས་ད་ལྟ་བར་འདས་པའི་ལོ་ ༥༠།༦༠ བརྒལ་ཚར་བ་རེད། གཞིས་བྱེས་མི་མང་སྤྱི་དང་ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་གི་ལྷག་བསམ་དང། སྙིང་སྟོབས། མི་རིགས་ཀྱི་ལ་རྒྱ་ཞུམ་པ་མེད་པའི་ཐོག་བསྡད་ཡོད་པར་བསྔགས་བརྗོད་ཡོད། འཛམ་གླིང་འདིའི་སྟེང་བོད་པ་རྒྱུས་ཡོད་མཁན་མང་པོ་ཞིག་ཡོད་ཅིང་་མདོར་ན་རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་བོད་པའི་གཤིས་ཀ་དེ་སེམས་པ་བཟང་པོ། ཉམ་ཆུང་། དྲང་བདེན་ཅན་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག དེ་ལྟ་བུའི་ང་ཚོ་བོད་པའི་གོམས་གཤིས་བཟང་པོ་དེ་རིན་ཐང་བྲལ་བ་རེད། དེ་ནི་ཁྲོམ་ནས་ཉོ་རྒྱུ་མེད་ལ་བཟོ་གྲྭའི་ནང་ལའང་བཟོ་རྒྱུ་མེད། ང་ཚོར་ཕ་མེས་ནས་གོམས་གཤིས་འཇགས་པ་ཞིག་ཡིན། དེ་ང་ཚོའི་ཁྱད་ནོར་ཡིན་པ་ངོ་ཤེས་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་སང་ང་ཚོ་བཙན་བྱོལ་དུ་ཡོད་མཁན་བོད་པའི་ནང་བོད་པའི་ཡ་རབས་བཟང་སྤྱོད་དེ་དག་ག་ལེར་ཉམས་ཆག་འགྲོ་གི་ཡོད་པའི་རྣམ་འགྱུར་ཕྲན་བུ་མཐོང་རྒྱུ་འདུག བོད་ནང་ལའང་དེ་དེ་བཞིན་ཡོང་གི་ཡོད། ཆེ་ས་ནས་ལྐོག་ཟ་རུལ་སུངས་བྱེད་ཀྱི་ཡོད་སྟབས་འོག་ནས་བོད་རིགས་ལས་བྱེད་པ་ཚོའི་ནང་དུའང་ལྐོག་ཟ་རུལ་སུངས་ཕྲན་བུ་བྱེད་ཀྱི་ཡོད་པའི་སྐད་ཆ་འདུག དེ་རིགས་རྩ་བ་ནས་མེད་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ནམ་རྒྱུན་ངོས་རང་སྐྱེས་སྐར་གྱི་དུས་ཚིགས་སྐབས་མཛད་སྒོ་འཚོགས་རྒྱུ་ལ་སོགས་དོ་སྣང་མེད། འོན་ཀྱང་དེ་རིང་འདིར་མཛད་སྒོ་ཞིག་ཚོགས་པ་ཡིན་སྟབས་གོ་སྐབས་འདི་བཟུང་སྟེ་གཞིས་ལུས་རྒྱ་ཆེའི་མི་མང་དང་བྱེས་ཀྱི་མི་མང་ཚོ་ལ་ངོས་ཀྱི་སེམས་ནང་ཡོད་པའི་བསམ་ཚུལ་ཤོད་འདོད་བྱུང།
བར་སྐབས་འགྱུར་བ་གཅིག་ཕྱིན་ཡོད། ༸རྒྱལ་དབང་གི་བླ་བྲང་དགའ་ལྡན་ཕོ་བྲང་ཆགས་ནས་ཧ་ལམ་མི་ལོ་ ༦༠༠ ཙམ་ཕྱིན་ཡོད། སྐུ་ཕྲེང་གོང་མ་བཞིའི་རིང་དགའ་ལྡན་ཕོ་བྲང་གི་ཆོས་ཕྱོགས་ཁོ་ནའི་མཛད་འགན་མ་གཏོགས་ཆབ་སྲིད་ཀྱི་མཛད་འགན་མེད། ༸གོང་ས་ལྔ་པ་ཆེན་པོ་མཆོག་ནས་བཟུང་ཧ་ལམ་ལོ་ ༤༠༠ ཙམ་ཕྱིན་པ་རེད། དེའི་རིང་ལ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བྱས་ཏེ་བསྡད་པ་རེད། འཛམ་གླིང་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ཡོང་སྐབས་དེའི་དུས་ཚོད་དེ་ཡོལ་ཟིན། སྔ་ཕྱི་མ་གཏོགས་འགྱུར་བ་འགྲོ་རྒྱུ་ཐག་ཆོད་པ་རེད། འགྱུར་བ་འགྲོ་རྒྱུ་དེ་ཡང་འགྱུར་བ་མི་གཏོང་ཀ་མེད་ཀྱི་སྒོ་ནས་འགྱུར་བ་ཕྱིན་ན་དགོས་པ་གང་ཡང་མེད། ད་ལྟའི་དུས་འདིར་ངོས་ལ་སྐྱེ་ཕྲེང་བཅུ་བཞི་པའི་མིང་ཐོགས་ཡོད། བོད་པ་ཚོ་ཡིན་ནའང་ཧ་ལམ་བརྒྱ་ཆ་ ༩༩ ངོས་ལ་ཡིད་ཆེས་བྱེད་ཀྱི་ཡོད།
འཛམ་གླིང་འདིའི་སྟེང་གི་མི་མང་ས་ཡ་ཁ་ཤས་ཀྱི་ངོས་རང་ངོ་ཤེས་ཏེ་དགའ་མོས་བྱེད་ཀྱི་ཡོད། དེ་ལྟ་བུའི་དུས་ཚོད་འདིར་གཞན་རྐྱེན་དབང་གིས་འགྱུར་བ་བཏང་བ་ཞིག་མིན་པར་རང་དབང་གི་ཐོག་ནས་རང་གི་འདོད་པས་དང་དུ་བླངས་ཏེ་སྔར་གྱི་ལུགས་སྲོལ་དུས་ཚོད་ཡོལ་ཚར་བ་དེ་དགའ་ཞིང་སྤྲོ་ཞིང་སྤོབས་པའི་ངང་ནས་འགྱུར་བ་གཏོང་རྒྱུ་དེ་ནི་ཤིན་ཏུ་འོས་པ་ཞིག་མཐོང་གི་འདུག ང་ཚོ་བོད་མིའི་ཁྲོད་ལ་ཆ་བཞག་ན་མང་གཙོའི་གོ་རྟོགས་ཧ་ཅང་ཡག་པོ་རེད། འདས་པའི་ལོ་ ༡༠ ལྷག་ཙམ་རིང་ང་ཚོའི་ཆབ་སྲིད་ཀྱི་འགན་འཁུར་མཁན་བཀའ་བློན་ཁྲི་པ་དེ་འོས་བསྡུའི་ལམ་ནས་བསྐོས་ཏེ་ལོ་བཅུའི་རིང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒན་ཡོལ་ལྟ་བུར་བསྡད་ཡོད། ད་ཆ་ལོ་ལྔ་རེའི་མཚམས་སུ་འོས་བསྡུ་བྱས་ནས་ད་རེས་ཐེངས་གསུམ་པ་ཆགས་ཡོད། ད་རེས་ང་ཚོའི་ཆབ་སྲིད་འགན་འཁྱེར་མཁན་འོས་བསྡུ་བྱེད་སྐབས་རྒྱ་གར་དུ་སྐྱེས་ཤིང་འཚར་ལོང་བྱུང་བའི་ན་གཞོན། སློབ་སྦྱོང་དེང་རབས་ཀྱི་ཤེས་ཡོན་ཆ་ཚང་བ་ཡོད་མཁན་ཞིག་ལ་མང་མོས་ཀྱི་འོས་ཐོབ་པ་རེད། ང་ཚོ་བོད་པའི་བསམ་བློའི་གནས་ཚད་གང་ཙམ་མཐོ་བོ་བསླེབས་པའི་རྟགས་གསལ་པོ་རེད། དེར་བརྟེན་ལོ་ ༤༠༠ ཙམ་ཕྱིན་པའི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་འཁྱེར་རྒྱུ་དེ་མཚམས་འཇོག་བྱེད་རྒྱུ་དེ་འོས་ལ་མཚམས་པ་དུས་ཚོད་རན་པ་ཞིག་ངོས་ཀྱིས་མཐོང་གི་འདུག དེ་དག་བར་སྐབས་བཙན་བྱོལ་གྲོས་ཚོགས་མཉམ་སྔ་རྗེས་གོ་བསྡུར་གཞི་རྒྱ་ཆེ་ཙམ་དང་ཞིབ་ཕྲ་བྱས་པ་ཡིན། མཐར་ངོས་རང་ལོ་བཅུ་བཞི་བཅོ་ལྔའི་སྐབས་ནས་བཟུང་དེ་སྔའི་བོད་ཀྱི་ལམ་ལུགས་དེ་འགྲིག་གི་མི་འདུག་སྙམ་པ་བསམ་བློའི་ནང་མཐོང་ཚུལ་གསལ་པོ་ཡོད། རྭ་སྒྲེང་དང་སྟག་བྲག་རྒྱལ་ཐོག་སྐབས་དེ་ཙམ་ཡག་པོ་མེད་པ་ཞིག་ངོས་ཀྱིས་མཐོང་གི་ཡོད། ངོས་ཀྱིས་ཆོས་སྲིད་གཉིས་ཀྱི་འགན་འཁྱེར་རྗེས་ཕལ་ཆེར་ཕྱི་ལོ་ ༡༩༥༢།༥༣ སྐབས་ལེགས་བཅོས་ཚོགས་ཆུང་བཙུགས་ཏེ་བསྒྱུར་བཅོས་གཏོང་རྒྱུ་དེ་དུས་ནས་འགོ་བཙུགས་པ་ཡིན། མཐའ་མ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་བ་ཆགས་རྗེས་ང་ཚོ་སུ་གཅིག་ལ་སྟབས་བསྟུན་བྱེད་མི་དགོས་པར་རང་དབང་ཐོག་བསྒྱུར་བཅོས་གཏོང་ཆོག་པར་བརྟེན། བཙན་བྱོལ་ལ་འབྱོར་ནས་ལོ་གཅིག་ནང་ཚུན་མང་གཙོའི་བསྒྱུར་བཅོས་གཏོང་འགོ་ཚུགས་ཡོད།
ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ཆབ་སྲིད་ཀྱི་འགན་དེ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་དེས་འགན་ཆ་ཚང་འཁྱེར་ཡོད། གལ་ཏེ་ངོས་ལ་སྐད་ཆ་དྲི་རྒྱུ་ཡོད་ན་གོ་བསྡུར་བྱེད་རྒྱུ་ཡོང་གི་རེད་མ་གཏོགས་ངོས་རང་ཐད་ཀར་འབྲེལ་བ་མེད་པའི་ཐོག་བསྡད་པ་ཡིན། འཐུས་ཤོར་གང་ཡང་ཕྱིན་མེད། ད་ལྟ་ངོས་ཀྱིས་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་འགན་ཕར་བཞག་སྟེ་ཆབ་སྲིད་ཀྱི་འགན་ཁུར་དེ་འོས་འདེམས་བྱུང་བའི་མི་དེའི་འགན་གཙང་མ་འཁྱེར་རྒྱུ་ཐག་གཅོད་བྱས་ཡོད། རྒྱ་མི་གུང་ཁྲན་གྱི་ལས་བྱེད་ཁ་ཤས་ཀྱིས་བོད་ཀྱི་གནད་དོན་དེ་མི་གཅིག་ལ་ཐུག་ཡོད། མི་དེ་རྒས་འགྲོ་གི་ཡོད་པས་དེ་མེད་པ་ཆགས་ན་བོད་པའི་གནད་ཚུལ་ཡལ་འགྲོ་གི་རེད། ཅེས་ཤོད་རྒྱུ་དེ་བདེན་པ་མིན་ལ་ཁུངས་མེད་དང་རེ་སྟོང་གི་སྐད་ཆ་རེད། རེ་སྟོང་ཡིན་པ་ཐེངས་འདིར་དངོས་སུ་བསྟན་ཐུབ་པ་རེད། ༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་ཁུར་བཞག་སྟེ་ཆབ་སྲིད་ཀྱི་འགན་ཁུར་འོས་འདེམས་བྱས་པའི་མི་དེའི་འགན་ཆ་ཚང་འཁྱེར་དུས་ཧ་ཅང་གསལ་པོ་ཆགས་ཡོད། ང་ཚོ་ཕྱོགས་གཅིག་ནས་མང་གཙོ་བརྒྱ་ཆ་བརྒྱ་མཚན་ཉིད་ཚང་བ་ཞིག་ཆགས་ཡོད། གཉིས་ནས་ཧ་ཅང་བརྟན་པོ་ཆགས་ཡོད། བར་སྐབས་བསྒྱུར་བཅོས་གཏོང་རྒྱུ་དེ་ངོས་སེམས་ཤུགས་ཆག་པ་དང་བོད་དོན་རེ་བ་བརླག་པ་དེ་ལྟ་བུའི་ཐོག་ནས་བསྒྱུར་བཅོས་བཏང་བ་ཞིག་རྩ་བ་ཉིད་ནས་མིན། དེ་བཞིན་བཙན་བྱོལ་གཞུང་ཞེས་བོད་སྐད་ནང་གཞུང་བརྗོད་རྒྱུ་དེ་ཏག་ཏག་འགྲོ་གི་ཡོད། ང་ཚོས་བླ་བྲང་གཞུང་དང། ཆུ་བོའི་གཞུང། མི་ཚང་གཞུང་ལྟ་བུ་ཟེར་གྱི་ཡོད། ཚིག་དེའི་གོ་དོན་ཐོག་ནས་ང་ཚོ་བོད་གཞུང་ཞེས་ཡོད་པ་དེ་ད་ཆ་དངོས་གནས་དྲང་གནས་ཀྱི་མང་གཙོའི་ལམ་ནས་མི་མང་གིས་འོས་བསྡུ་བྱས་པའི་གཞུང་གི་འགོ་ཁྲིད་ཆགས་ཡོད། དབྱིན་ཇིའི་སྐད་ཐོག་(Prime Minister) སྲིད་བློན་ཞེས་པའི་ཚིག་བཀོད་རྒྱུ་དེ་སྔོན་མ་ནས་བེད་སྤྱོད་བྱེད་ཀྱི་མེད། བཙན་བྱོལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཅེས་ཤོད་ཀྱི་ཡོད། ང་ཚོས་བཙན་བྱོལ་སྒྲིག་འཛུགས་སམ་བོད་གཞུང་ཞེས་བརྗོད་ནའང་འདྲ་གང་ལྟར་ད་ལྟ་ཡོད་བཞིན་པ་དེ་སྲ་བརྟན་ཕུགས་འཕེར་དང་དུས་ཡུན་རིན་པོར་མུ་མཐུད་གནས་ཐུབ་རྒྱུའི་ཆེད་བསྒྱུར་བཅོས་བཏང་བ་རེད་མ་གཏོགས་བོད་གཞུང་ཕྱིར་བསྡུ་བྱས་པ་དང་ནུས་མེད་བཟོ་པ་ཞིག་མིན། དེ་སྔ་ཕན་ཆད་(Dalai lama’s institution)༸རྒྱལ་བ་རིན་པོ་ཆེའི་བླ་བྲང་ཞེས་པའི་མིང་གི་འོག་ནས་གསལ་ལ་མ་གསལ་ཐོག་ནས་ང་ཚོའི་བོད་གཞུང་ཞེས་པ་དེ་བསྡད་ཡོད། དེ་དབྱེ་བ་གསལ་པོ་ཕྱེ་ཡོང་སྐབས་དེ་ལ་དཔག་པའི་བྱེད་ཐབས་ཡག་པོ་ཞིག་མ་བྱུང་ན་སྐྱོན་ཡོད། གཙོ་བོ་རྒྱ་གར་གཞུང་ལ་མཛད་དཀའ་དང་དེ་བཞིན་ལུང་པ་མང་པོ་ཞིག་ལ་དཀའ་ངལ་འཕྲད་རྒྱུ་ཡོང་སྲིད་ཀྱི་རེད། དེར་བརྟེན་ང་ཚོར་མཐུན་འགྱུར་རྒྱབ་སྐྱོར་བྱེད་མཁན་ཚོར་ཡང་དཀའ་ངལ་མ་འཕྲད་པ་དང། ང་ཚོ་བོད་པའི་ངོས་ནས་ཕྱི་ལ་གཅིག་བསྟན་ནང་ལ་གཅིག་ཡིན་ཙམ་མིན་ཙམ་བྱེད་རྒྱུ་དེ་མེད་པ་བཟོས་ཏེ་ཕྱི་གསལ་ནང་གསལ་དང་མདོ་ཕུ་བྱེད་མི་དགོས་པར་ཡོང་རྒྱུ་ཆེད་ད་རེས་བསྒྱུར་བཅོས་གསར་པ་དེ་ནི་དེ་འདྲ་ཡིན། དེར་གཞིས་ལུས་རྒྱ་ཆེའི་མི་མང་དང་བཙན་བྱོལ་ལ་ཡོད་པའི་བོད་རིགས་ཚོ་ཡིན་ནའང་འདྲ་བློ་བདེ་པོ་དང་སེམས་པ་ལྷོད་ལྷོད་བྱོས། དོན་དག་ངོ་མ་མགོ་མ་འཚོས་པར་སྲང་ལམ་ནང་གི་སྐད་ཆས་མདའ་དཀྲུག་ཕུ་དཀྲུག་བྱས་ན་ཡག་པོ་མི་འདུག ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གིས་གནས་ཚུལ་བཟང་བ་དང་གཏམ་སྙན་པ་ཞིག་གོ་རྒྱུ་ག་རེ་ཡོད་དམ་བསམ་སྟེ་སྡོད་བཞིན་ཡོད་པའི་སྐབས་དེར་མགོ་མ་འཚོས་པའི་དཀྲོག་གཏམ་བཤད་ན་ཕན་ཐོགས་གང་ཡང་མེད། གལ་ཏེ་བདེན་པ་ཡོད་ན་རྒྱུ་མཚན་གཅིག་དང་གཉིས་སུ་གྲངས་ཏེ་ཤོད་དགོས། དེ་ལྟར་མེད་པར་སྐད་ཆ་འཆལ་གཏམ་དང་འུར་ཤོབ་སོགས་བཤད་ན་ཡག་པོ་མི་འདུག དེ་ཁྱེད་རང་ཚོ་ཚང་མའི་སེམས་ལ་ངེས་པ་བྱོས། བར་སྐབས་ངོས་ཀྱིས་བསྒྱུར་བཅོས་བཏང་བ་དེ་དག་དགོས་པ་རྒྱུ་མཚན་ཡོད་པ་ཞིག་དང། དུས་ཚོད་ལ་ཏག་ཏག་རན་པ་ཞིག་དེ་ཡང་ལོ་༥༠།༦༠ རིང་ནས་བསམ་བློར་ཡོད་པ་ཞིག་ད་ལྟ་ལག་བསྟར་བྱས་པ་ཞིག་རེད། དགའ་ལྡན་ཕོ་བྲང་ལ་ཆ་བཞག་ན་དགའ་ལྡན་ཕོ་བྲང་གི་གནས་སྟངས་བརྟན་དུ་ཕྱིན་ཡོད། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ཡོང་རྒྱུ་བརྟན་དུ་ཕྱིན་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ཏེ་བཞུགས་རོགས། དེ་ག་རང་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་ཟབ་རྒྱས་སྩལ་ཡོད།