༢༠༡༡ ཟླ་ ༧ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དད་ལྡན་ཕྱི་ནང་མི་མང་ཁྲི་ཚོ་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གཙོ་བོར་གྱུར་བའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༠ ཉིན་གྱི་སྔ་དྲོ་ལྡི་ལི་ནས་མཁའ་ལམ་བརྒྱུད་གྷ་གལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་གཙོས་སྲི་ཞུ་བ་ཡོངས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན། དེ་བཞིན་མི་མང་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། གནམ་ཐང་ནང་དུ་དཔལ་ལྡན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག གནམ་ཐང་གི་ཕྱི་རུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། རྡ་ས་ས་གནས་བདེ་དོན། དབུས་གཞོན་ནུ་ལྷན་ཚོགས་ཀྱི་འཐུས་ཚབ། དབུས་བུད་མེད་ཚོགས་པའི་ཚོགས་གཙོ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ་དང་།
ཕེབས་སྒོ་དང་པོར། ཏི་ལོ་སྤུར་བཙུན་དགོན་དང་། གོ་པལ་སྤུར་དགེ་ལས་སློབ་ཕྲུག ཐང་སྟོང་གླུ་གར་ནས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་དང་ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བསངས་གསོལ་དང་རུ་བསྟར་སྒྲིག་སྟེ་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་གཉིས་པར། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་། འཇམ་དབྱངས་ཆོས་གླིང་། ཤུག་གསེབ་བཙུན་དགོན་བཅས་ཀྱི་དགེ་བཙུན་རྣམ་པ།། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་མ། ནོར་གླིང་གི་མི་མང་དང་དགེ་ལས་སློབ་ཕྲུག་བཅས་ནས་ལག་ཏུ་དཀར་གཙང་གི་མཇལ་དར་དང་སྤོས་སྣེ་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕེབས་སྒོ་གསུམ་པར། རྡ་ཤོད་བོད་ཁྱིམ་སློབ་གྲྭ་དང་མེས་དབོན་དཔེ་སྟོན་སློབ་གྲྭ་དགེ་ལས་སློབ་ཕྲུག་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས།
ཕེབས་སྒོ་བཞི་པར། གཞུང་ཞབས་ལས་བྱེད་རྣམ་པ་དང་། སྨན་རྩིས་ཁང་གི་ལས་བྱེད། གནས་ཆུང་དང་དགའ་གདོང་དགེ་འདུན་པ་སོགས་ནས་ཕེབས་ལམ་དུ་སེར་སྦྲེངས་དང་དུང་རྒྱ་སྤོས་སྣེས་ཕེབས་བསུ་ཞུས།
ཕེབས་སྒོ་ལྔ་པར། ཕོ་གསར་གྷན་ཇིར་མི་མང་དང་ཚེ་མཆོག་གླིང་དགོན་པ། རྡ་སྟེང་བོད་ཁྱིམ་དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུ་ཞུས།
ཕེབས་སྒོ་དྲུག་པར། ཀིརྟིའི་བྱེས་པ་གྲྭ་ཚང་དང། བཙུན་དགོན་དགའ་ལྡན་ཆོས་གླིང་མི་མང་སོགས་ཀྱིས་ཕེབས་བསུ་ཞུས།
ཕེབས་སྒོ་བདུན་པར། རིགས་ལམ་སློབ་གཉེར་ཁང་དང་། གཡས་གཡོན་གནས་སྡོད་མི་མང་། ཕོ་བྲང་གི་གཟིམ་སྒོའི་མདུན་དུ་སྐུ་བཅར་རྣམ་གྲྭའི་མཁན་པོ་མཆོག་དང་དགེ་འདུན་ཡོངས་ནས་ཕྱག་ཏུ་བཀྲ་ཤིས་པའི་མཆོད་རྫས་སོགས་ཐོགས་ཏེ་སེར་སྦྲེངས་སྤོས་སྣེ་དང་བཅས་པས་ཕེབས་བསུ་ཞུས། དེ་ནས་ཕོ་བྲང་ནང་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན། དཔལ་འབྱོར་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་ཕྱི་ཟླ་ ༧ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཨ་རིར་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཚེས་ ༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་པག་ཧེ་ཌི་(Park Hyatt)མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས། ཨ་རིའི་ཕྱི་སྲིད་ལས་ཁུངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་(Mario Otero)མ་རི་ཨོ་ཊེ་རོ་མཆོག་དང་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བདམས་ཐོན་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་བཅས་ལ་མཇལ་ཁ་སྩལ།
ཕྱི་ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པར་བཀའ་སློབ་གཟབ་རྒྱས་སྩལ།
ཕྱི་ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་སྤྱི་མཐུན་ (Republic) དང་མང་གཙོ་ཚོགས་པ་ (Democrat) གཉིས་ཐུན་མོང་གི་ཚབ་ཞུས་ཏེ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་ (John Boehner) མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ (Congress) ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས།
ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་སྔ་དྲོ་ཐོག་མར་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་ཆོ་ག་མཛད།
ཉིན་རྒྱབ་དུས་དེབ་རོ་ལིང་སི་ཊོན་ (Rolling Stone magazine) ཞེས་པའི་གསར་འགོད་པ་མག་སེ་ལི་གར་ (Mark Seliger) ལགས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་སྐུ་དཔར་བསྒྲོན་འབུལ་ཞུས་པ་མ་ཟད། ༸གོང་ས་མཆོག་གིས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་གྲོས་ཚོགས་ཀྱི་ནུབ་ཕྱོགས་སུ་ཡོད་པའི་ཚོགས་ཁང་ཆེན་མོའི་ཐང་ཆེན་(West Lawn of The Capitol)སྟེང་འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ཡུལ་མི་ཁྲི་ཕྲག་བརྒལ་བར་འཛམ་གླིང་ཞི་བདེའི་སྐོར་ལམ་སྟོན་བཀའ་སློབ་སྩལ།
ཕྱི་ཚེས་ ༩ དང་ ༡༠ ཉིན་གྲངས་གཉིས་རིང་མང་གཙོའི་རྒྱ་ནག་དང་མ་འོངས་པའི་བོད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གི་ཚོགས་འདུར་ཨ་རི་དང་ཁེ་ཎ་ཌའི་ས་གནས་ཁག་དང་། ཧོང་ཀོང་། ཐེ་ཝན། སིངྒ་པུར། དེ་བཞིན་རྒྱ་ནག་སྐམ་ས་བཅས་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་མཁས་དབང་དང་རྩོམ་པ་པོ། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༤༤ ལྷག་ལྷན་འཛོམས་ཀྱིས་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ།
ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བོད་སྐད་སྡེ་ཚན་གྱིས་གཙོས་སྐད་རིགས་མི་འདྲ་བ་བརྒྱད་ཀྱི་ལས་བྱེད་རྣམ་པར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
ཕྱི་ཚེས་ ༡༢ ཉིན་ཧིལ་ཊོན་མགྲོན་ཁང་(Hilton Hotel) དུ་ཆིབས་སྒྱུར་གྱིས་ཨ་རི་བོད་ཀྱི་རླུང་འཕྲིན་ཁང་ (VOA) གི་རྒྱ་སྐད་སྡེ་ཚན་གྱི་ལས་རིམ་གཙོ་སྐྱོང་བ་ཤིན་ཆེན་(Xin Chen) གྱིས་ཆེད་དོན་དྲི་བར་བཀའ་ལན་སྩལ། དེ་རྗེས་༸གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གོ་སྒྲིག་གནང་མཁན་གྱི་སྦྱིན་བདག་ཚོར་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༡༣ ཉིན་༸གོང་ས་མཆོག་གིས་ཀེ་པི་ཊོལ་ཧིལ་(Capitol Hill) དུ་ཆིབས་སྒྱུར་བསྐྱངས་ཏེ་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་ཀེ་རི་(John kerry ) མཆོག་གིས་གཙོས་ཚོགས་མི་བཅུ་དང་མཇལ་འཕྲད་མཛད་སྐབས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་འདེམས་ཐོན་བཀའ་ཁྲི་བློ་བཟང་སེང་གེ་མཆོག དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག སྐུ་སྒེར་ཡིག་ཚང་གི་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་བཅས་ཀྱང་ལྷན་བཅར་ཞུས་ཡོད། མཇལ་འཕྲད་གྲུབ་མཚམས་ཨ་རིར་རྟེན་གཞི་བྱས་པའི་བྱམས་བརྩེའི་གཅེས་སྐྱོང་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཚོགས་པ་དེས་༸གོང་ས་མཆོག་ལ་ (Caring Institute) ཨ་མ་ཊེ་རེ་སའི་རྒྱལ་སྤྱིའི་གཅེས་སྐྱོང་གི་གཟེངས་རྟགས་(Mother Teresa International Award) འབུལ་ལམ་ཞུས་ཡོད།
ཕྱི་ཚེས་ ༡༤ ཉིན་དུས་འཁོར་དབང་ཆེན་སྩལ་སའི་ཆོས་རར་ཡེ་ཤུའི་མ་དགོན་གྱི་ཁར་ཌི་ནལ་ཆོས་དཔོན་ཌོ་ནལ་ཌི་ཝུ་རི་ (Cardinal Donald Wueri) མཆོག་ཀྱང་ཆེད་བཅར་ཞུས་ཏེ་མཇལ་འཕྲད་མཛད་ཡོད།
ཕྱི་ཚེས་ ༡༦ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཐོག་མཇལ་འཕྲད་སྐར་མ་ ༤༥ ཙམ་མཛད་སྐབས་སྲིད་འཛིན་མཆོག་གིས་དབུ་མའི་ལམ་གྱི་བཞེངས་ཕྱོགས་དེར་རྒྱབ་སྐྱོར་ཞུས།
གཞན་ཡང་ཕྱི་ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་མཛད་དེ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་སྩལ། དེ་ནས་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་འོག་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།
ཕྱི་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཨ་རིའི་གྲོང་ཁྱེར་ཆི་ཁ་གོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་ཆོས་ལུགས་མཐུན་སྒྲིལ་སྐོར་མང་ཚོགས་ ༡༠ ༠༠༠ བརྒལ་བར་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་(Bridging The Faith Devide) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་བཅས་ཐེངས་འདིར་མཛད་འཕྲིན་ཧ་ཅང་རླབས་ཆེན་བསྐྱངས་ཡོད་པ་བཅས།།