༢༠༡༡ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་མི་གནས་ཡུལ་ས་གནས་གང་སར་ལོ་ལྟརབོད་མི་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་བཞིན་ཡོད་པ་ལྟར། ནིའུ་ཡོཀ་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་རེས་གཟའ་སྤེན་པའི་གུང་སེང་དང་སྟབས་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བདུན་བཅུ་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན། ཨ་རིའི་གྲོང་ཁྱེར་ནིའུ་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཁང་གི་ཉེ་འཁྲིས་ཀྱི་ཚོགས་ཁང་ཞིག་ཏུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་། བླ་སྤྲུལ་དགེ་བཤེས་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བས་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་མཛད་སྒོར་མཉམ་ཞུགས་གནང་ཡོད། སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་དོན། སྐུའི་འཁྲུངས་སྐར་སྐབས་བོད་མི་ཚང་མས་མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་སྒྲུབ་ཐུབ་རྒྱུར་དོ་བདག་རང་ཉིད་ནས་སེམས་ནང་དམ་བཅའ་གསར་པ་འཇོག་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དཔེར་ན། བོད་མི་ནང་ཁུལ་སྔར་ལས་ཆིག་སྒྲིལ་བྱེད་རྒྱུ་ཙམ་མ་ཟད། འཚེ་བ་མེད་པ་དང་བྱམས་དང་སྙིང་རྗེ་ལྡན་པའི་བོད་ཀྱི་རིག་གཞུང་། དེ་བཞིན་བོད་མིའི་གོམས་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་བྱེད་རྒྱུ་བཅས་གནད་དོན་དེ་གཉིས་ཀྱི་ཐོག་བོད་མི་ཚང་མས་སྔར་ལས་ལྷག་པའི་ཧུར་ཐག་བྱེད་ཀྱི་ཡིན་བསམ་པའི་དམ་བཅའ་ཞིག་འཇོག་ཐུབ་ན། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པའི་དགོས་དོན་ཚང་བ་རེད་ཅེས་དང་། ཡང་ཁོང་གིས། བོད་ཀྱི་བདེན་པའི་འཐབ་རྩོད་དེ་རྒྱལ་སྤྱིའི་ཐོག་ཚད་མཐོ་པོར་སླེབས་ཐུབ་པ་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་མཛད་འཕྲིན་སྤྱི་དང་། ཡང་སྒོས་གཞིས་ལུས་རྒྱ་ཆེའི་མི་མང་གི་འཇིགས་ཞུམ་མེད་པའི་སྙིང་སྟོབས་ལས་བྱུང་བ་དེ་ང་ཚོས་ག་དུས་ཡིན་རུང་མ་བརྗེད་པ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་མ་ཟད། དེ་སྔ་སྐུ་ཚབ་དོན་གཅོད་ཁང་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་། སྐྱིད་སྡུག་ཁག་གི་ཚོགས་འདུ་བསྐོངས་ནས་སྦག་ཁང་བཟུང་མཁན་བོད་མི་རེ་ཟུང་ཡོད་པ་དེ་དག་མཚམས་འཇོག་ཡོང་ཐབས་ལ་འབད་བརྩོན་དགོས་པའི་འབོད་སྐུལ་ཞུས་པ་ལྟར་བར་ལམ་སྦག་ཁང་བཞི་ཙམ་མཚམས་འཇོག་ཟིན་འདུག་པས་སྐུ་ཚབ་དོན་གཅོད་ཁང་གི་ངོས་ནས་དོ་བདག་སོ་སོ་དང་། ལས་དོན་དེ་ལ་རྒྱབ་སྐྱོར་གནང་མཁན་ཚོགས་སྐྱིད་ལ་གོ་སྐབས་འདི་བརྒྱུད་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་བཟང་པོ་ལགས་ཀྱིས་གསུང་བཤད་གནང་སྐབས། རང་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ལ་ཐུགས་སྣང་དགོས་པ་མ་ཟད། བོད་མི་རིགས་ཀྱི་ལ་རྒྱ་མི་ཉམས་རྒྱུན་འཛིན་དགོས་པའི་འབོད་སྐུལ་གནང་ཡོད།
དེ་རྗེས་ནིའུ་ཡོཀ་དང་། ནིའུ་འཇར་སི་བོད་ཡིག་སློབ་གྲྭ་དང་། ཆོལ་གསུམ་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་རོལ་དབྱངས་དང་། གཞས་སྣ་ཁག་འཁྲབ་སྟོན་གནང་ཡོད་པ་མ་ཟད། སྐྱིད་སྡུག་ཁག་ནས་ཀྱང་རང་རང་སོ་སོའི་ཡུལ་ལུང་གི་གཞས་སྣ་འཁྲབ་སྟོན་གྱིས་ཉིན་གང་པོར་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་བཅས།